1

1 ༡་ །ང་ཚོའི་སྐྱོབ་པ་ཨེ་ལོ་ཧིམ་དང་། ང་ཚོའི་རེ་ས་མ་ཤི་ཀ་ཡེ་ཤུའི་བཀའ་བཞིན་དུ། མ་ཤི་ཀ་ཡེ་ཤུའི་ཨ༷་པོ་ཏོ་ལོ་པ་ཡིན་པའི་པའུ་ལུ་ངས།"

2 ༢ དད་པའི་སྒོ་ནས་ངའི་བདེན་པའི་བུ་ཏི༷་མོ་ཐེའུ་ལ། ང་ཚོའི་ཡབ་ཨེ་ལོ་ཧིམ་དང་ཀྱུ་རི་བོ་མ་ཤི་ཀ་ཡེ་ཤུའི་ཐུགས་རྗེ་དང་སྙིང་རྗེ་དང་ཞི་བདེ་འབབ་པར་ཤོག་ཅིག །"

3 ༣་ །དད་པ་ལ་རག་ལུས་པའི་ཨེ་ལོ་ཧིམ་གྱི་བཀོད་རིམ་གྱི་ཚབ་ལ་སེམས་ཀྱི་འཆར་སྒོ་མང་དུ་སྐྱེད་པའི་སྒྲུངས་དང་རྫོགས་སུ་མེད་པའི་སྐྱེ་རབས་རྣམས་ལ་བློ་མི་གཡེང་ཞིང་། ལྟ་བ་ཐ་དད་པ་མ་སྟོན་ཞེས་མི་དེ་དང་དེ་འདྲ་བར་བསླབ་བྱ་གཏོང་ཕྱིར།"

4 ༤་ ཁྱོད་ཨེ༷་ཕེ་སུ་རུ་སྡོད་ཅིག་ཅེས་ང་མ༷་ཀེ་དོན་ཡུལ་དུ་འགྲོ་དུས་སུ་སྐུལ་བ་ལྟར་ད་ལྟའང་སྐུལ་ལོ།"

5 ༥་ །སྐུལ་མའི་དོན་ནི། སྙིང་གཙང་མ་དང་། ཤེས་པ་བཟང་པོ་དང་། ཁ་ཞེ་མེད་པའི་དད་པ་ལས་འབྱུང་བའི་བྱམས་སེམས་དེ་ཡིན།"

6 ༦་ མི་དེ་ཚོས་དེ་སྤངས་ནས་སྙིང་པོ་མེད་པའི་ཚད་མའི་ཕྱོགས་སུ་གཏོལ་བ་ཡིན་ཏེ།"

7 ༧་ ཅི་ཟེར་བ་དང་ཅི་སྟོན་པའི་དོན་རང་གིས་མ་གོ་ནའང་། བཀའ་ཁྲིམས་ཀྱི་སྟོན་པར་འགྱུར་བར་འདོད་དོ།"

8 ༨་ །བཀའ་ཁྲིམས་ནི་བཀའ་ཁྲིམས་བཞིན་བཀོལ་ན་བཟང་པོ་ཡིན་པ་ང་ཚོས་ཤེས་སོ།"

9 ༩་ །བཀའ་ཁྲིམས་ནི་མི་དྲང་པོ་རྣམས་ཀྱི་ཕྱིར་མ་ཡིན་གྱི། ཁྲིམས་མེད་པ་དང་། གཉའ་རེངས་པ་དང་། ཆོས་མེད་དང་། སྡིག་ཅན་དང་། དམ་པ་མ་ཡིན་པ་དང་། གྲིབ་ཅན་དང་། ཕ་བསད་པ་དང་། མ་བསད་པ་དང་། མི་བསད་པ་དང་།"

10 ༡༠་ གཡེམ་པོ་དང་། ཕོ་ལ་སྤྱོད་མཁན་དང་། མི་རྣམས་འཚོང་མཁན་དང་། རྫུན་ཅན་དང་། མནའ་ལ་མི་རྩི་མཁན་དང་།"

11 ༡༡་ ང་ལ་བཏད་པའི་ཨེ་ལོ་ཧིམ་རིན་གྱི་འཕྲིན་བཟང་དཔལ་ལྡན་གྱི་ཡང་དག་པའི་ལྟ་བ་དང་མི་མཐུན་པ་རྣམས་ཕྱིར་ཡིན་པར་ཤེས་སོ།།"

12 ༡༢་ །ང་ཚོའི་ཀྱུ་རི་བོ་མ་ཤི་ཀ་ཡེ་ཤུས་ང་བློ་དྲང་པོ་ཡིན་པར་རྩིས་ནས་ཁོང་གི་ཞབས་ཏོག་པར་བསྐོས་པས། ང་ལ་ནུས་པ་འདི་གནང་མཁན་ཁོང་ལ་བསྟོད་བསྔགས་འབུལ་ལོ།"

13 ༡༣་ །སྔར་ངས་ཁོང་ལ་སྐུར་བ་འདེབས་ཤིང་། འཚེ་ཞིང་སྨད་པ་ཡིན་ཀྱང་། དེ་ནི་ངས་མ་ཤེས་མ་དད་པར་དེ་ལྟར་བྱས་པ་ཡིན། ད་ང་ལ་སྙིང་རྗེ་བརྙེད་ནས།"

14 ༡༤་ མ་ཤི་ཀ་ཡེ་ཤུ་ལས་བྱུང་བའི་དད་པ་དང་བྱམས་སེམས་དང་བཅས། ང་ཚོའི་ཀྱུ་རི་བོའི་ཐུགས་རྗེ་ལྷག་པར་ཐོབ་བོ།"

15 ༡༥་ །མ་ཤི་ཀ་ཡེ་ཤུ་ནི་སྡིག་ཅན་རྣམས་སྐྱོབ་པའི་དོན་དུ་འཇིག་རྗེན་དུ་བྱོན་ཞེས་པའི་གཏམ་ནི། བདེན་པ་དང་ཉན་འོས་པ་ཞིག་ཡིན་ཅིང་། ང་རང་སྡིག་ཅན་གྱི་གཅོ་བོ་ཡིན།"

16 ༡༦་ འོན་ཀྱང་མི་ཚེ་རྒྱུན་དུ་པ་ཐོབ་པའི་ཕྱིར་ཁོང་ལ་དད་པ་རྣམས་ལ་དཔེ་རུ་འགྱུར་བའི་དོན་དུ། ཡེ་ཤུ་མ་ཤི་ཀའི་ཐུགས་བཟོད་ཚད་མེད་ངའི་ནང་སྟོན་པའི་ཕྱིར། ང་ལ་སྙིང་རྗེ་བརྙེས་པ་ཡིན་ནོ།"

17 ༡༧་ །ཐོག་མཐའ་མེད་པའི་རྒྱལ་པོ། རྟག་པ། མི་སྣང་བ། གཅིག་ལགས་པའི་ཨེ་ལོ་ཧིམ་ལ་བསྐལ་པ་ནས་བསྐལ་པར་སྟི་སྟང་དང་བསྟོད་པ་འབྱུང་བར་ཤོག་ཅིག །ཨ་མེན།"

18 ༡༨་ །ངའི་བུ་ཏི༷་མོ་ཐེའུ། ཁྱོད་ཀྱི་སྐོར་ལུང་དུ་བསྟན་པ་རྣམས་དང་བསྟུན་ཏེ། དད་པ་དང་ཤེས་བཟང་གི་སྒོ་ནས། །ཁྱོད་ཀྱིས་འཐབ་པོ་བཟང་མོ་འཐབ་པའི་དོན་དུ། ངས་ཁྱོད་ལ་སྐུལ་ལོ།"

19 ༡༩་ །ཁ་ཅིག་གིས་ཤེས་བཟང་སྤངས་ཏེ་དད་པ་ནུབ་བོ།"

20 ༢༠་ །དེ་ཚོའི་ཁྲོད་ནས་ཡིན་པའི་ཧི༷་མེ་ན་ཡུ་དང་ཨ༷་ལེག་སན་དེར་གཉིས་སྐུར་པ་འདེབས་པ་སློབ་པའི་ཆེད་དུ་ངས་ས༷་ཏན་ལ་བཏད་པ་ཡིན།། །།"

2

1 ༡་ །སྐུལ་མ་ཐམས་ཅད་ལས་དང་པོ་ནི། རྒྱལ་པོ་དང་། དཔོན་པོ་དང་མི་ཐམས་ཅད་ཀྱི་དོན་དུ་གསོལ་བ་དང་། སྨོན་ལམ་དང་། ཞུ་བ་དང་། བསྟོད་བསྔགས་ཕུལ་ཞིག"

2 ༢་ །དེ་ནས་ང་ཚོ་དུས་བདེ་དང་ཞི་འཇམ་གྱི་ནང་ཡ་རབས་ཚུལ་གྱིས་ཆོས་བཞིན་སྤྱོད་པར་ནུས་སོ།"

3 ༣་ །དེ་ནི་མི་ཐམས་ཅད་ཐར་པ་དང་བདེན་པ་རྟོགས་ཤིང་བརྙེས་པ་ལ་དགྱེས་པའི་ང་ཚོའི་སྐྱོབ་པ།"

4 ༤་ ཨེ་ལོ་ཧིམ་གྱི་སྤྱན་སྔར་བཟང་པོ་དང་ཐུགས་སུ་བྱོན་པ་ཡིན་ནོ།"

5 ༥་ །ཨེ་ལོ་ཧིམ་གཅིག་ཡོད། ཨེ་ལོ་ཧིམ་དང་མིའི་བར་ལ་བར་མིའང་གཅིག་ཡོད།"

6 ༦་ དེ་ནི་ཐམས་ཅད་ཀྱི་དོན་དུ་རང་ཉིད་བླུ་རིན་དུ་གནང་བའི་མི་མ་ཤི་ཀ་ཡེ་ཤུ་ཡིན་ནོ། །དེ་ལ་དུས་ལ་བབས་པ་དང་དཔང་པོ་བྱུང་བ་ཡིན།"

7 ༧་ ངས་རྫུན་མི་ཟེར་བར་བདེན་པ་ཟེར་ཏེ། དོན་དེའི་ཕྱིར་ང་སྒྲོག་པ་པོ་དང། ཨ༷་པོ་ཏོ་ལོ་པ་དང་། ཨེ་ལོ་ཧིམ་ངོ་མ་ཤེས་པ་རྣམས་ལ་དད་པ་དང་བདེན་པ་སྟོན་པའི་སློབ་ཁྲིད་དཔོན་དུ་བསྐོས་པ་ཡིན།"

8 ༨་ གནས་ཐམས་ཅད་དུ་སྐྱེས་པ་རྣམས་ཀྱིས་ཁྲོ་བ་དང་འཐབ་འཛིང་མེད་པར། ལག་པ་གཙང་མ་ཡར་བཏེགས་ཏེ་སྨོན་ལམ་འདེབས་ང་འདོད་དོ།"

9 ༩་ །བུད་མེད་རྣམས་ཀྱིས་སྐྲ་བརྒྱན་པ་དང། གསེར་དང་། མུ་ཏིག་དང་། རིན་ཆེ་བའི་གོས་ཀྱི་ཚབ་ལ། སྤམ་པ་དང་། མཁས་པ་དང་། མཛེས་པའི་གོས་གཡོགས་ཤིང་།"

10 ༡༠་ ཆོས་དང་ལྡན་པའི་བུད་མེད་ལ་མཛེས་པའི་ལས་བཟང་གིས་བརྒྱན་པར་བྱོས་ཤིག"

11 ༡༡་ །བུད་མེད་ནི་ཁ་རོག་ཅིང་ཁ་ལ་རབ་ཏུ་ཉན་ཏེ་སློབ་དགོས།"

12 ༡༢་ །བུད་མེད་ཀྱིས་བློབ་ཁྲིད་བྱེད་པའམ། སྐྱེས་པ་རྣམས་ཀྱི་ཐོག་ཏུ་འགོ་བྱེད་པའི་དགོངས་པ་ངས་མི་གཏོང་སྟེ་ཁ་རོག་ཏུ་སྡོད་དགོས།"

13 ༡༣་ ཅིའི་ཕྱིར་ཞེ་ན། དང་པོར་ཨ༷་དམ་དང་དེ་ནས་ཧ༷་ཝ་བཟོ་བར་མཛད་པ་ཡིན།"

14 ༡༤་ ས༷་ཏན་གྱིས་ཨ༷་དམ་བསླུས་པར་མ་གྱུར་བར་བུད་མེད་དེ་བསླུས་པར་གྱུར་ཏེ་སྡིག་པའི་ནང་ལྟུང་བ་ཡིན།"

15 ༡༥་ འོན་ཀྱང་དེ་རྣམས་དད་པ་དང་། བྱམས་དང་། དམ་པ་དང་། སྤམ་པ་ལ་གནས་ན། བུ་སྐྱེད་པའི་སྒོ་ནས་དེ་ཐར་བར་འགྱུར་རོ།།"

3

1 ༡་ །དོ་དམ་པའི་ལས་འདོད་ན། ལས་ལེགས་པ་ཞིག་འདོད་དོ་ཞེས་པའི་གཏམ་བདེན་ནོ།"

2 ༢་ །དེའི་ཕྱིར་དོ་དམ་པ་ནི་སྐྱོན་གྱིས་མ་གོས་པ། ཆུང་མ་གཅིག་གི་ཁྱོ་ཡིན་པ། བག་དང་ལྡན་པ། མཁས་པ། རྔམ་བརྗིད་དང་ལྡན་པ། མགྲོན་པོར་བྱམས་པ། སློབ་དཔོན་བྱེད་ནུས་པ།"

3 ༣་ ཆང་འཐུང་མཁན་མིན་པ། མི་རྩུབ་ཅིང་ཞི་བ། འཐབ་མོ་མི་བྱེད་མཁན། དངུལ་ལ་མི་ཆགས་མཁན།"

4 ༤་ རང་ཕྲུག་རྣམས་ཅི་ས་ནས་ཁ་ལ་ཉན་པོ་དང་ཡ་རབས་ཀྱི་ཚུལ་དང་ལྡན་པ་སློབ་ཅིང་རང་གི་ཁྱིམ་ཚང་ལེགས་པར་སྐྱོང་མཁན་ཡོད་དགོས་སོ།"

5 ༥་ །རང་གི་ཁྱིམ་ཚང་སྐྱོང་མ་ཤེས་ན། ཨེ་ལོ་ཧིམ་གྱི་མ་ཤི་ཀ་པ་ཚོགས་ཅི་ལྟར་སྐྱོང་།"

6 ༦་ རང་མཐོང་གིས་ཐོམས་ནས་ས༷་ཏན་གྱི་ཆད་པའི་ནང་མི་ལྟུང་ཕྱིར། སློབ་གསར་ཡིན་པར་མི་རིགས་པ་མ་ཟད།"

7 ༧་ ཕྱི་རོལ་པ་རྣམས་ཀྱི་ནང་དུའང་དེ་ལ་གཏམ་བཟང་ཡོད་པར་དགོས། དེ་མིན་ཟེར་རྒྱུ་དང་ས༷་ཏན་གྱི་རྙིའི་ནང་དུ་འཚུད་ཉེན་ཡོད།"

8 ༨་ ཞབས་ཏོག་པ་རྣམས་ཀྱང་ཡ་རབས་དང་། ལྕེ་གཉིས་མ་ཡིན་པ། ཆང་དད་མེད་པ། ནོར་ལ་མི་སྲེད་པ།"

9 ༩་ དད་པའི་གསང་བ་ཡིད་དག་པ་ནས་འཛིན་མཁན་ཡོད་དགོས།"

10 ༡༠་ དེ་རྣམས་ལ་སྔོན་དུ་ཚོད་ལྟོས། སྐྱོན་མེད་ཐོན་ན་ཞབས་ཏོག་བྱེད་དུ་ཆུག"

11 ༡༡་ །བུད་མེད་རྣམས་ཀྱང་ཡ་རབས་དང་། པྲ་མ་མི་བྱེད་མཁན་དང་། སྤམ་པ་དང་། ཅི་ས་ནས་དྲང་པོ་ཡོད་དགོས།"

12 ༡༢་ ཞབས་ཏོག་པ་ནི་ཆུང་མ་གཅིག་གི་ཁྱོ་ཡིན་ཏེ། རང་ཕྲུག་དང་ཁྱིམ་ཚང་ལེགས་པར་སྐྱོང་མཁན་ཡིན་དགོས།"

13 ༡༣་ ཞབས་ཏོག་པ་ལེགས་པར་བྱེད་མཁན་ལ་གོ་ས་ལེགས་པ་དང་། མ་ཤི་ཀ་ཡེ་ཤུར་དད་པ་བྱེད་པའི་ནང་དེ་ལ་བློ་གདེང་ཆེན་པོ་ཐོབ་བོ།"

14 ༡༤་ །ང་ཁྱོད་ཀྱི་རྩར་མྱུར་དུ་འོང་བའི་རེ་བ་བྱེད་ཀྱང་།"

15 ༡༥་ འགོར་སྲིད་ན་གསོན་པོའི་ཨེ་ལོ་ཧིམ་གྱི་མ་ཤི་ཀ་པ་ཚོགས་དང་། བདེན་པའི་རྨང་དང་ཀ་བ་ལགས་པའི་ཨེ་ལོ་ཧིམ་གྱི་ཁྱིམ་ཚང་ནང་། སྤྱོད་ལམ་ཇི་ལྟར་བྱེད་དགོས་པ་ཤེས་པའི་ཕྱིར་ངས་འདི་འབྲིའོ།།"

16 ༡༦་ །མ་ཤི་ཀ་མི་རུ་ཆགས་པ་ཡིན། །རུ་ཨག་གིས་རྣམ་དག་བསྟན་པ་ཡིན། །ཨ༷ན་ཇལ་ཚོས་ཁོང་ནི་མཇལ་བ་ཡིན། །མི་སྡེ་ལ་བཀའ་བཤད་པ་ཡིན། །འཇིན་རྟེན་པས་ཁོང་ལ་དད་པ་ཡིན། །གཟི་བརྗིད་ནང་ཡར་ལ་འདེགས་པ་ཡིན། ཞེས་པའི་ཆོས་ཀྱི་གསང་བ་དེ་ཤིན་ཏུ་ཟབ་མོ་ཡིན་པར་གདོན་མི་ཟའོ།།"

4

1 ༡་ །རང་གི་ཤེས་བཟང་མེས་བསྲེགས་པའི་རྫུན་ཅན་གྱི་ཚུལ་ཆོས་ཀྱི་སྒོ་ནས་ཕྱིས་སུ་ཁ་ཅིག་ལོག་འདྲེན་གྱི་ལྷ་དང་།"

2 ༢་ འདྲེའི་ཆོས་ལ་རྟེན་ཞིང་དད་པ་སྤོང་བར་འགྱུར་རོ། །ཞེས་རུ་ཨག་གིས་གསལ་པོར་གསུངས་སོ།"

3 ༣་ །དད་པ་ཅན་དང་བདེན་པ་རྟོགས་པ་རྣམས་ཀྱིས་བསྟོད་བསྔགས་འབུལ་ཞིང་ཟ་བའི་དོན་དུ་ཨེ་ལོ་ཧིམ་གྱིས་མཛད་པའི་ཁ་ཟས་མ་ཟ་ཟེར་བ་དང་། ཆུང་མའང་མ་ལེན་ཞེས་དེ་ཚོས་ཟེར་རོ།"

4 ༤་ ཨེ་ལོ་ཧིམ་གྱིས་མཛད་པ་ཐམས་ཅད་བཟང་པོ་ཡིན་ཏེ། བསྟོད་བསྔགས་འབུལ་ཞིང་ཟ་ན།"

5 ༥་ ཨེ་ལོ་ཧིམ་གྱི་བཀའ་དང་སྨོན་ལམ་གྱིས་དམ་པར་འགྱུར་བས། ཅིའང་སྤོང་དགོས་མེད་དེ།"

6 ༦་ བསླབ་བྱ་འདི་རྣམས་ཁྱོད་ཀྱིས་སྤུན་རྣམས་ལ་བསྟན་ན། དད་པའི་གསུང་གིས་སྐྱང་པ་དང་བསྟན་པ་བཟང་པོར་རྟེན་པའི་མ་ཤི་ཀ་ཡེ་ཤུའི་ཞབས་ཏོག་པ་བཟང་པོ་ཞིག་ཏུ་འགྱུར་བར་འགྱུར་རོ།"

7 ༧་ །ཆོས་མིན་གྱི་སྒྲུང་དང་རྒན་པོའི་འཆོལ་གཏམ་སྤོངས་ཤིག ཆོས་བཞིན་སྤྱོད་པར་སྦྱོང་ཞིག"

8 ༨་ །ལུས་རྩལ་སྦྱོང་བ་ཕན་ཐོགས་ཅུང་ཟད་ཡོད་ཀྱང་། ཆོས་བཞིན་སྤྱོད་པ་ནི། ཚེ་འདི་ཕྱི་གཉིས་ཀྱི་ཕྱིར་ཞལ་བཞེས་དང་ལྡན་པས། ཅི་ས་ནས་ཕན་ཐོགས་ཆེའི།"

9 ༩་ །ཞེས་པའི་གཏམ་བདེན་ཞིང་ཡིད་ཆེས་འོས་པའོ།"

10 ༡༠་ །མི་ཐམས་ཅད་དང་ཁྱད་པར་དུ་དད་པ་ཅན་རྣམས་ཀྱི་སྐྱབས་མགོན་ལགས་པའི་འཚོ་ཞིང་གཞེས་པའི་ཨེ་ལོ་ཧིམ་ལ་ང་ཚོས་རེ་བ་བྱེད་པས། འབད་པས་བརྩོན་ནོ།།"

11 ༡༡་ དེ་ལྟར་སྒོ་ཞིང་སློབ་ཁྲིད་བྱེད་ཅིག"

12 ༡༢་ །ཁྱོད་ན་གཞོན་པ་ལ་སུས་ཀྱང་ཁྱད་དུ་སད་མ་འཇུག་པར། ཁྱོད་ཀྱི་ངག་དང་། སྤྱོད་པ་དང་། བྱམས་པ་དང་། དད་པ་གཙང་མའི་སྒོ་ནས། དད་པ་ཅན་རྣམས་ཀྱི་ཕྱིར་ཁྱོད་དཔེ་རུ་གྱུར་ཅིག"

13 ༡༣་ ང་འོང་བའི་བར་དུ་མི་ཚོགས་ནང་བི༷་བལ་ཀློག་པ་དང་། སློབ་ཁྲིད་བྱེད་པ་་དང་སློབ་པ་མ་ཆག་པར་གྱིས།"

14 ༡༤་ རྒན་པོ་ཚོས་ཁྱོད་ཀྱི་མགོ་ལ་ཕྱག་བཞག་དུས་སུ་ལུང་བསྟན་དང་བཅས་ཐོབ་པའི་གནང་སྦྱིན་ལ་སྣང་མེད་མ་བྱེད་ཅིག"

15 ༡༥་ །ཁྱོད་ཀྱི་ཡར་སྐྱེད་ཐམས་ཅད་ཀྱིས་མཐོང་ཕྱིར། དེ་རྣམས་སྒྲུབ་ཅིང་དེ་ལ་འབུངས་ཤིག"

16 ༡༦་ །ཁྱོད་རང་དང་ཁྱོད་ཀྱི་གདམས་ངག་ལ་བྱ་ར་བྱེད་ཅིང་དེ་ལ་བརྟན་པོར་གནས་པར་གྱིས་ཤིག །དེ་ནས་ཁྱོད་རང་དང་ཁྱོད་ལ་ཉན་མཁན་གཉིས་པོ་ཐར་བར་འགྱུར།།"

5

1 ༡་ །།རང་ལས་རྒན་པ་ཞིག་ལ་རྩུབ་པར་མི་སྨྲ་བར། ཕ་ལྟར་བརྩིས་ཏེ་སྨྲོས་ཤིག །གཞོན་པ་རྣམས་ལ་ནུ་བོ་དང་།"

2 ༢་ རྒན་མོ་རྣམས་ལ་མ་དང་། གཞོན་ནུ་མ་རྣམས་ལ་སྲིང་མོ་ལྟར་སེམས་གཙང་བའི་སྒོ་ནས་སྨྲོས་ཤིག།"

3 ༣་ །མོ་རེང་མ་བདེན་པ་ཡིན་པ་ལ་བཀུར་སྟི་བྱོས་ཤིག།"

4 ༤་ །འོན་ཀྱང་མོ་རེང་མ་ཞིག་ལ་ཕྲུ་གུའམ་ཚ་བོ་ཚ་མོ་ཡོད་ན། སྔོན་ལ་བུ་ཕྲུག་དེ་ཚོས་རང་གི་ཁྱིམ་ཚང་ནང་ཆོས་བཞིན་སྤྱོད་པ་དང་། ཕ་མའི་དྲིན་ལན་འཇལ་བར་བསླབ་དགོས། དེ་ལ་ཨེ་ལོ་ཧིམ་ཐུགས་དགྱེས་སོ།"

5 ༥་ །བདེན་པའི་མོ་རེང་མ་གཅིག་པུར་ལུས་པ་དེ། ཨེ་ལོ་ཧིམ་ལ་རེ་བ་བྱེད་ཅིང་། ཉིན་མཚན་མེད་པར་སྨོན་ལམ་དང་གསོལ་བ་འདེབས་ཤིང་གནས་ཀྱང་།"

6 ༦་ འདོད་ཡོན་ལ་ཆགས་པ་དེ་གསོན་ཡང་ཤི་བ་དང་འདྲའོ།"

7 ༧་ །མོ་རེང་མ་རྣམས་ཟེར་རྒྱུ་མེད་པར་གནས་པའི་ཕྱིར་དུ་འདི་ལྟར་སྒོ་ཞིག"

8 ༨་ །རང་གི་གཉེན་དང་ཁྱད་པར་དུ་རང་གི་ནང་ཚང་ལ་མི་ལྟ་མཁན་དེ། དད་པ་ལས་འགལ་བས། དད་མེད་ལས་ཐུ་བ་ཡིན།"

9 ༩་ ལོ་དྲུག་ཅུ་ལས་ཆུང་བ་དང་། ལན་ཅིག་ལས་ལྷག་ཁྱིམ་ཐབ་བྱས་པ་མོ་རེང་མའི་ཐོའི་ནང་འཇུག་མི་ཆོག"

10 ༡༠་ །མོ་ནི་སྤྱོད་པ་བཟང་པོར་མངོན་པ་དང་། བུ་ཕྲུག་རྣམས་ལ་གསོ་སྐྱོང་བྱས་པ་དང་། མགྲོན་པོ་ལ་བྱམས་པ་བྱས་པ་དང་། དམ་པ་རྣམས་ཀྱི་ཞབས་བཀྲུས་པ་དང་། སྡུག་བསྔལ་ཅན་ལ་རོགས་བྱས་པ་དང་། ཅི་ས་ནས་ལས་བཟང་བྱེད་པར་བརྩོན་པ་ཡིན་པར་དགོས།"

11 ༡༡་ དེ་ལས་ཆུང་བའི་མོ་རེང་མ་ཐོའི་ནང་དུ་མ་འཇུག་ཅིག །དེ་རྣམས་མ་ཤི་ཀ་དང་རྒྱབ་འགལ་དུ་འདོད་ཆགས་ཀྱི་དབང་དུ་འགྲོ་ན། བག་མ་བྱེད་པར་འདོད་ཅིང་།"

12 ༡༢་ སྔར་བྱས་པའི་དམ་བཅའ་དང་འགལ་བས་སྐྱོན་ཕོག་གོ"

13 ༡༣་ །དེ་མ་ཟད་ལེ་ལོ་ཅན་དུ་འགྱུར་ཏེ། ཁྱིམ་ནས་ཁྱིམ་དུ་འགྲོ་ཞིང་། ལེ་ལོ་ཅན་མ་ཟད་ངག་ཀྱལ་སྨྲ་ཞིང་གཞན་གྱི་ལས་ནང་གཏོགས་ཤིང་ཟེར་མི་རུང་བ་རྣམས་ཟེར་རོ།"

14 ༡༤་ །དེའི་ཕྱིར་མོ་རེང་མ་གཞོན་ནུ་རྣམས་བག་མར་འགྲོ་ཞིང་། ཕྲུ་གུ་སྐྱེད་དེ། ནང་སྐྱོང་ཞིང་། དགྲ་བོར་ང་ཚོར་འཕྱ་བའི་སྐབས་མི་གཏོང་བ་ལ་ང་འདོད་དོ།"

15 ༡༥་ །ཁ་ཅིག་ཁྱར་ནས་ས༷་ཏན་གྱི་རྒྱབ་ནས་སོང་ཟིན་ཏོ།"

16 ༡༦་ མ་ཤི་ཀ་པ་ཚོགས་པ་ལ་ཚེགས་མེད་པར་བདེན་པའི་མོ་རེང་མར་རོགས་བྱེད་ཐུབ་པའི་ཕྱིར་དད་ལྡན་ཞིག་ལ་གཉེན་མོ་རེང་ཞིག་ཡོད་ན། དེ་ལ་ཁོས་རོགས་བྱེད་དགོས་སོ།།"

17 ༡༧་ །བི༷་བལ་ནང། གཡུལ་བཅག་བསྐོར་བའི་གླང་གི་ཁ་མ་འཆིང་ཞེས་དང་།"

18 ༡༨་ ལས་བྱེད་མཁན་ལ་དེའི་གླ་ཐོབ་པར་དགོས་ཞེས་བྲིས་པས། མགོ་སྐྱོང་ལེགས་པར་བྱེད་མཁན་དང་ཁྱད་པར་དུ་ཤ་ཚས་སློབ་དཔོན་དང་བསླབ་པའི་ལས་བྱེད་མཁན་གྱི་རྒན་མི་རྣམས་ལ་བཀུར་སྟི་ཉིས་ལྡབ་ཐོབ་འོས་སོ།"

19 ༡༩་ །དཔང་པོ་གཉིས་སམ་གསུམ་མེད་པར་རྒན་མི་ལ་སྐྱོན་བཀལ་ན་མ་རྩི་ཞིག"

20 ༢༠་ གཞན་རྣམས་ཀྱང་འཇིགས་པའི་ཕྱིར་དུ། ཐམས་ཅད་ཀྱི་མདུན་དུ་ཉེས་པ་བྱས་པར་ཕྱོགས་རེས་དང་།"

21 ༢༡་ དབྱེ་བ་མེད་པར་ཁྲིམས་འདི་སྲུང་ཞིག་ཅེས་ཨེ་ལོ་ཧིམ་དང་མ་ཤི་ཀ་ཡེ་ཤུ་དང་འདམས་པའི་ཨ༷ན་ཇལ་རྣམས་དཔང་དུ་བཙུགས་ཏེ་སྐུལ་ལོ།"

22 ༢༢་ །ལག་པ་འཇོག་པ་ལ་མ་རིངས་ཤིག གཞན་གྱི་སྡིག་པའི་ནང་མ་འབྲེ་ཞིག །རང་གཙང་མར་སྡོད་ཅིག"

23 ༢༣་ །ཁྱོད་ཕལ་ཆེར་ན་བས། ཕོ་བ་ལ་ཕན་པའི་ཕྱིར། ཕྱིན་ཆད་ཆུ་རྐྱང་མ་འཐུང་བར་རྒུན་ཆང་ཉུང་ངུ་འཐུང་ཞིག"

24 ༢༤་ །ཁ་ཤས་ཀྱི་ཉེས་སྡིག་སྔོན་དུ་གསལ་པོར་མངོན་ཞིང་། གཤགས་བྱེད། ཁ་ཤས་ཀྱི་ཉེས་སྡིག་རྗེས་སུ་མངོན་ནོ།"

25 ༢༥་ དེ་བཞིན་དུ་ལས་བཟང་ཡང་གསལ་པོར་མངོན་ནོ། རེ་ཞིག་མི་མངོན་ཀྱང་སྦས་ནས་མི་ལུས་སོ།།"

6

1 ༡་ །ཨེ་ལོ་ཧིམ་གྱི་མཚན་དང་སློབ་ཁྲིད་པ་ལ་སྐུར་པ་མི་འབྱུང་བའི་ཕྱིར། ཚེ་གཡོག་གི་གཉའ་ཤིང་འོག་ཏུ་ཡོད་ཚད་ཀྱིས་རང་གི་དཔོན་པོ་ལ་ཀུན་ཏུ་བཀུར་སྟི་བྱེད་འོས་པར་རྩིས་ཤིག"

2 ༢་ །དཔོན་པོ་མ་ཤི་ཀ་པ་ཡིན་ན། སྤུན་ཡིན་པའི་རྐྱེན་གྱིས་རྩིས་མེད་མི་བྱེད་པར། གང་ལ་གཡོག་བྱེད་པ་དེ་དད་པ་གཅིག་པ་དང་གཅེས་པ་ཡིན་པས། ལྷག་པར་གཡོག་བྱེད་དགོས། བྱ་འོས་པའི་ལས་འདི་རྣམས་སློབ་ཅིང་སྐུལ་ཅིག"

3 ༣་ །ཆོས་དང་མཐུན་པའི་སློབ་ཁྲིད་པ་ང་ཚོའི་ཀྱུ་རི་བོ་ཡེ་ཤུ་མ་ཤི་ཀའི་དགག་པ་མེད་པའི་གསུང་ལ་མི་ཉན་པར་སུ་ཞིག་གིས་སློབ་ཁྲིད་པ་གཞན་ཞིག་སྟོན་ན།"

4 ༤་ དེ་ང་རྒྱལ་གྱིས་ཁེངས་པ་ཡིན་ཏེ་ཅིའང་མི་ཤེས་སོ།"

5 ༥་ །དེ་རྣམས་ཕྲག་དོག་དང་། འགྲན་སེམས་དང་། ཕྲ་མ་དང་། རྣམ་རྟོག་ངན་པ་སྐྱེད་པའི་ཆོས་རྩོད་གླེང་དང་ཚིག་གི་འཐབ་མོ་འདོད་པའི་ནད་ཀྱིས་བཏབ་པ་ཡིན་ཏེ། ཆོས་ནི་ནོར་ཐོབ་པའི་ཐབས་ཤིག་ཡིན་བསམ་པའི་དྲན་པ་འཁྱོར་ཞིང་བདེན་པ་དང་བྲལ་བའི་མིའི་དཀྱིལ་དུ་རྩོད་པ་ལྡང་ངོ་།"

6 ༦་ ང་ཚོས་འཇིག་རྟེན་དུ་ཅིའང་འཁྱེར་མ་འོངས། འཇིག་རྟེན་ནས་འཁྱེར་ཡང་མི་ཐུབ་པས།"

7 ༧་ ཆོག་ཤེས་ལྡན་པའི་ཆོས་ནི་ནོར་གྱི་མཆོག་གོ"

8 ༨་ །ང་ཚོར་ཟ་རྒྱུ་དང་གོན་རྒྱུ་ཡོད་པས་ཆོག ཕྱུག་པོར་འགྱུར་བ་འདོད་པ་རྣམས་ནི།"

9 ༩་ ཕུང་བ་དང་སྟོང་བའི་ནང་དུ་སྣུབ་པའི་དོན་མེད་པ་དང་གནོད་བྱེད་ཀྱི་འདོད་པའི་ཉམས་སད་དང་རྙིའི་ནང་དུ་ཚུད་དོ།"

10 ༡༠་ །དངུལ་ལ་ཆགས་པ་ངན་པ་ཀུན་གྱི་རྩ་བ་ཡིན། སྲེད་པ་འདིའི་རྐྱེན་གྱིས་ཁ་ཅིག་དད་པ་ལས་འཁྱར་ནས་རང་གི་སྙིང་ཟུག་རྔུས་སྣུན་པ་ཡིན་ནོ།།"

11 ༡༡་ །ཨེ་ལོ་ཧིམ་གྱི་གཡོག་པོ་ཁྱོད། དེ་དག་ལས་བྲོས་ཤིང་དྲང་བ་དང་། ཆོས་སེམས་དང་། དད་སེམས་དང་། བྱམས་སེམས་དང་། ཡིད་བརྟན་དང་། དུལ་བ་ལ་སྙེགས་ཤིག"

12 ༡༢་ །དད་པའི་འཐབ་ཞིག་བཟང་པོ་འཐབ་ཅིག །མི་ཚེ་རྒྱུན་དུ་པ་བཟུང་ཞིག །དེའི་དོན་དུ་ཁྱོད་བོས་ཏེ། དཔང་པོ་མང་པོའི་མདུན་དུ་ཁྱོད་ཀྱིས་ཁས་ལེན་པ་བཟང་པོ་དེ་ལངས་པ་ཡིན།"

13 ༡༣་ དངོས་པོ་ཐམས་ཅད་ཀྱི་འཚོ་མཛད་ལགས་པའི་ཨེ་ལོ་ཧིམ་དང་། པོ༷ན་ཏིའུ་པི་ལ་ཏུའི་མདུན་དུ་དཔང་པོ་བཟང་པོ་མཛད་པའི་མ་ཤི་ཀ་ཡེ་ཤུ་དཔང་དུ་བཙུགས་ཏེ་ཁྱོད་ལ།"

14 ༡༤་ ཀྱུ་རི་བོ་ཡེ་ཤུ་མ་ཤི་ཀ་མངོན་སུམ་དུ་འབྱོན་པའི་བར་དུ་བཀའ་དེ་དམེ་བ་མེད་ཅིང་སྐྱོན་མེད་པར་སྲུང་ཞིག་ཅེས་ངས་སྒོའོ།།"

15 ༡༥་ །བདེ་ལྡན་མངའ་བདག་གཅིག་ལགས་པ། །རྒྱལ་པོ་རྣམས་ཀྱི་རྒྱལ་པོ་དང་། །དཔོན་པོ་རྣམས་ཀྱི་དཔོན་པོ་ཡིས། །དུས་ལ་འབབ་ཚེ་དེ་རྣམས་བསྟན།"

16 ༡༦་ །ཁོང་ནི་འཆི་མེད་གཅིག་པུ་ལགས། །སྙོབ་ཏུ་མེད་པའི་འོད་ནང་བཞུགས། །སུས་ཀྱང་མ་མཐོང་མཐོང་དུ་མེད། །ཁོང་ལ་རྒྱུན་དུ་བཀུར་སྟི་དང་། མངའ་ཐང་རྟག་ཏུ་ཡོད་པར་ཤོག །ཨ་མེན།"

17 ༡༧་ །ནོར་བདག་རྣམས་ཀྱིས། ང་རྒྱལ་མི་སྐྱེད་ཅིང་མི་རྟག་པའི་ནོར་ལ་བློ་གཏད་མི་བྱེད་པར། ང་ཚོར་ལོངས་སྤྱོད་པའི་ཕྱིར་དུ་སྤྱི་དང་བྱེ་བྲག་གི་ནོར་གནང་བའི་ཨེ་ལོ་ཧིམ་ལ་བློ་གཏད་བྱེད་ཕྱིར་དེ་རྣམས་ལ་སྐུལ་ཞིག"

18 ༡༨་ །དེ་རྣམས་དགེ་བ་བྱེད་པ་དང་། དགེ་བའི་ནོར་དང་ལྡན་པ་དང་། སྦྱིན་པ་ལ་དགའ་བ་དང་། གཏོང་ཕོད་ལྡན་པ་དང་།"

19 ༡༩་ ཡང་དག་པའི་ཚེ་ཡིན་པ་དེ་ཐོབ་པའི་དོན་དུ། རང་གི་ཕྱི་མའི་ཕྱིར་གཞི་མ་བརྟན་པོ་ཞིག་འཛིན་མཁན་ཡིན་དགོས།"

20 ༢༠་ ཏི༷་མོ་ཐེའུ། ཁྱོད་ལ་བཏད་པ་དེ་སྲུང་ཞིག ཆོས་མིན་གྱི་རྒྱ་ལབ་དང་ཚད་མ་མ་ཡིན་པ་གང་ལ་ཤེས་རབ་ཅེས་འཁྲུལ་ནས་འབོད་པ་དེ་སྤོངས་ཤིག"

21 ༢༡་ །དེ་ལ་བསྟེན་པས་ཁ་ཅིག་དད་པ་ལ་བལྟས་ཏེ་འཕྱུགས་སོ། །ཁྱོད་ཐུགས་རྗེ་དང་ལྡན་པར་ཤོག་ཅིག། །།"