1

1 ༡་ །མ་ཤི་ཀ་ཡེ་ཤུའི་ཞབས་ཕྱི་པ༷འུ་ལུ་དང་ཏི༷་མོ་ཐི་འུས། ཕི༷་ལིབ་པི་རུ་བཞུགས་པའི་མ་ཤི་ཀ་པ་དང་།དེའི་དོ་དམ་པ་དང་ཞབས་ཏོག་པ་ཐམས་ཅད་ཀྱི་དྲུང་དུ།"

2 ༢་ ང་ཚོའི་ཡབ་ཨེ་ལོ་ཧིམ་དང་ཀྱུ་རི་བོ་ཡེ་ཤུ་མ་ཤི་ཀ་ནས་ཁྱེད་ཚོ་ལ་ཐུགས་རྗེ་དང་ཞི་བདེ་འབབ་པར་ཤོག་ཅིག།"

3 ༣་ །ངས་ཁྱེད་ཚོ་དྲན་པའི་ཚེ་ངའི་ཨེ་ལོ་ཧིམ་ལ་བསྟོད་བསྔགས་འབུལ་ཞིང་།"

4 ༤་ ཁྱེད་ཚོས་ཞག་དང་པོ་ནས་ད་ལྟའི་བར་དུ་འཕྲིན་བཟང་སྤེལ་བ་ལ་འགན་ལེན་པའི་དྲིན་དྲན་ཞིང་།"

5 ༥་ རྟག་ཏུ་ཁྱེད་ཚོའི་དོན་དུ་སྨོན་ལམ་ཐམས་ཅད་ནང་དགའ་བཞིན་དུ་སྨོན་ལམ་འདེབས་སོ།"

6 ༦་ །ཁྱེད་ཚོའི་ནང་འཕྲིན་ལས་བཟང་པོ་བརྩམས་པ་ཁོང་ཉིད་ཀྱིས་ཡེ་ཤུ་མ་ཤི་ཀའི་ཉིན་མོའི་བར་དུ་མཐར་ཕྱིན་པར་མཛད་པའི་བློ་གདེང་བྱེད་དོ།"

7 ༧་ །ང་བཙོན་ལ་འགྲོ་ཞིང་། འཕྲིན་བཟང་གི་ཁུངས་སྐྱེལ་བ་དང་གཏན་ལ་འབེབས་ཙ་ན། ཁྱེད་ཐམས་ཅད་ཀྱང་ང་དང་མཉམ་དུ་ཐུགས་རྗེ་མཉམ་ཐོབ་ཡིན་པས། ངས་གཅེས་པར་འཛིན་ཅིང་། ཁྱེད་ཚོའི་ཕྱོགས་སུ་དེ་ལྟར་སེམས་པར་རིགས་སོ།"

8 ༨་ །ངས་མ་ཤི་ཀ་ཡེ་ཤུ་ལ་གདུང་བ་ལྟ་བུར་ཁྱེད་ཐམས་ཅད་ལ་གདུང་བ་ཨེ་ལོ་ཧིམ་དཔང་དུ་འཛུག"

9 ༩་ །ཁྱེད་ཚོའི་རྟོགས་པ་དཔྱོད་པའི་སྒོ་ནས་བྱམས་སེམས་ལྷག་པར་འཕེལ་བའི་ཕྱིར་སྨོན་ལམ་འདེབས།"

10 ༡༠་ །དེ་ནས་ཁྱེད་ཚོས་གལ་ཆེ་བ་དེ་འདམ་ཞིང་། མ་ཤི་ཀའི་ཉིན་མོའི་བར་དུ་གཙང་མ་དང་སྐྱོན་མེད་པར་གནས་ཤིང་།"

11 ༡༡་ ཨེ་ལོ་ཧིམ་ལ་དཔལ་དང་བསྟོད་པ་འབྱུང་ཕྱིར། ཡེ་ཤུ་མ་ཤི་ཀ་ནས་འབྱུང་བའི་དྲང་བ་ཉིད་ཀྱི་འབྲས་བུས་ཁྱབ་པར་འགྱུར་རོ།།"

12 ༡༢་ །སྤུན་རྣམས། ང་ལ་ཇི་བྱུང་བ་འཕྲིན་བཟང་སྤེལ་བའི་རྒྱུར་གྱུར་པ་དེ་ཁྱེད་ཚོར་འཆད་པར་དགའོ།"

13 ༡༣་ རྒྱལ་པོའི་གཟིམ་ཁང་ཡོངས་རྫོགས་དང་གཞན་ཐམས་ཅད་ལ་ང་ནི་མ་ཤི་ཀའི་དོན་དུ་བཙོན་པ་ཡིན་པའི་ལོ་རྒྱུས་དར་ཏོ།"

14 ༡༤་ །ང་བཙོན་པར་གྱུར་པའི་རྐྱེན་གྱིས། སྤུན་མང་ཤོས་མ་ཤི་ཀ་ལ་བློ་གདེང་འཕེལ་ཞིང་། ཨེ་ལོ་ཧིམ་གྱི་བཀའ་མ་འཇིགས་པར་འཆད་པ་ལ་སྦོབས་པ་ཆེ་བར་གྱུར་ཏོ།"

15 ༡༥་ ཁ་ཅིག་གིས་བཀའ་དེ་ཕྲག་དོག་དང་འགྲན་སེམས་ཀྱིས་འཆད་པ་དང་། ཁ་ཁཅིག་གིས་སེམས་བཟང་གིས་འཆད་དོ།"

16 ༡༦་ །རྗེས་མ་རྣམས་ཀྱིས་ང་འཕྲིན་བཟང་གི་ཁུངས་སྐྱེལ་དུ་འདིར་ཡོད་པ་ཤེས་ཤིང་བྱམས་སེམས་ཀྱི་སྐོ་ནས་མ་ཤི་ཀ་འཆད་ཅིང་།"

17 ༡༧་ སྔ་མ་རྣམས་ཀྱིས་བཙོན་ནང་ངའི་སྡུག་བསྔལ་ཆེ་རུ་གཏོང་ཕྱིར། ཕྱོགས་རིས་དང་ལོག་པའི་སེམས་ཀྱི་སྒོ་ནས་འཆད་དོ།"

18 ༡༨་ །དེས་ཅི་སྟོ། སེམས་ལོག་པར་རམ་དྲང་པོ་གང་རུང་གིས་མ་ཤི་ཀ་འཆད་པས། ང་ད་ལྟ་དགའ་སྟེ་ཕྱིས་སུའང་དགའ་བར་འགྱུར་རོ།"

19 ༡༩་ །ཁྱེད་ཚོའི་སྨོན་ལམ་དང་། ཡེ་ཤུ་མ་ཤི་ཀའི་རུ་ཨག་གི་དབང་གིས་ང་ཐར་བའི་རྒྱུར་འགྱུར་བ་ཤེས་སོ།"

20 ༢༠་ །ང་རྩད་ནས་ངོ་མི་ཚ་བར། གསོན་རུང་ཤི་རུང་སྙིང་སྟོབས་ཆེན་པོས་དུས་སྐབས་ཐམས་ཅད་དུ་ངའི་ལུས་ཀྱི་སྒོ་ནས་མ་ཤི་ཀ་ལ་སྙན་གྲགས་འབྱུང་བ་ངའི་འདོད་པ་དང་རེ་བ་ཡིན།།"

21 ༢༡་ །ང་གསོན་པ་མ་ཤི་ཀའི་ཕྱིར་དུ་སྟེ། འཆི་བའང་ང་ལ་ཕན་ནོ།"

22 ༢༢་ །ང་ལུས་ཀྱི་ནང་ན་གསོན་པ་ངའི་ལས་ལ་ཕན་ན། གང་དེ་འདམ་པར་བྱ་མི་ཤེས་སོ།"

23 ༢༣་ །ང་སོམ་ཉི་ཡིས་མནན་ཏེ། མ་ཤི་ཀ་དང་མཉམ་དུ་སྡོད་པ་ལྷག་པར་དུ་ལེགས་པས་ང་དེར་འགྲོ་བར་འདོད་ཀྱང་།"

24 ༢༤་ ཁྱེད་ཚོའི་དོན་དུ་ལུས་ཀྱི་ནང་སྡོད་པ་གལ་ཆེ་བས།"

25 ༢༥་ ཁྱེད་ཚོ་དད་པའི་ནང་དགའ་ཞིང་ཡར་སྐྱེད་དུ་འབྱུང་བའི་ཕྱིར། ང་གསོན་པོར་ལུས་ཏེ་ཁྱེད་ཚོ་དང་མཉམ་དུ་གནས་པར་འགྱུར་བ་ཤེས་ཤིང་བློ་གདེང་བྱེད་དོ།"

26 ༢༦་ །དེ་ལྟར་ང་སླར་ཁྱེད་ཚོའི་རྩར་བསླེབ་པའི་སྒོ་ནས་ཁྱེད་ཚོར་མ་ཤི་ཀ་ཡེ་ཤུ་ངོམ་པའི་རྒྱུ་ལྷག་པར་དུ་ཐོབ་པར་འགྱུར།"

27 ༢༧་ ཁྱེད་ཚོ་ལ་གཅིག་ཡོད་དགོས་པ་དེ་ཁྱེད་ཚོའི་སྤྱོད་ལམ་མ་ཤི་ཀའི་འཕྲིན་བཟང་དང་མཚུངས་པ་དེའོ། །དེ་ནས་ཁྱེད་ཅག་མཇལ་རུང་མི་མཇལ་རུང་། ཁྱེད་ཚོ་སེམས་གཅིག་ནང་བརྟན་ཏེ་འཕྲིན་བཟང་གི་དད་པའི་ཕྱིར་སྙིང་གཅིག་ནས་བརྩོན་འགྲུས་བྱེད་པ་ངས་ཐོས་པར་འགྱུར།"

28 ༢༨་ དགྲ་བོ་ལ་རྒོལ་བ་ནི་དེ་རྣམས་སྟོངས་པ་དང་། ཁྱེད་ཚོ་ལ་ཨེ་ལོ་ཧིམ་ནས་ཐར་པ་བྱུང་བའི་ལྟས་ཡིན་པས་མ་འཇིགས་ཤིག"

29 ༢༩་ ཁྱེད་ཚོར་མ་ཤི་ཀའི་ཕྱིར་དུ་ཁོང་ལ་དད་པ་འབའ་ཞིག་མ་ཟད་པར། ཁོང་གི་ཕྱིར་དུ་སྡུག་བསྔལ་མྱང་བའང་གནང་བ་ཡིན།"

30 ༣༠་ ངས་འཐབ་པའི་འཐབ་མོ་སྔར་མཐོང་བ་དང་ད་ལྟ་ཐོས་པ་དེ་ཀ་ཁྱེད་ཚོས་ཀྱང་འཐབ་བོ།།"

2

1 ༡་ །ད་མ་ཤི་ཀའི་ནང་ན་སེམས་གསོ་དང་། བྱམས་སེམས་ཀྱི་ནང་ན་བློ་བདེ་དང་། རུ་ཨག་གི་ནང་ན་འགྲོགས་ལུགས་དང་། སྙིང་རྗེ་དང་། ཤ་ཚ་ཡོད་པ་རྩི་ན།"

2 ༢་ སྙིང་གཅིག་པ་དང་། བྱམས་སེམས་གཅིག་པ་དང་། སྲོག་གཅིག་བློ་གཅིག་ཏུ་འགྱུར་ཏེ། ངའི་དགའ་སྤྲོ་རྫོགས་པར་བྱོས་ཤིག"

3 ༣་ །འགྲན་སེམས་དང་ངོམ་སེམས་ཀྱིས་ཅིའང་མི་བྱེད་པར། དམན་སེམས་ཀྱིས་རང་ལས་གཞན་རྣམས་ལྷག་པར་རྩིས་ཤིག"

4 ༤་ རེ་རེས་རང་དོན་འབའ་ཞིག་ལ་མི་ལྟ་བར་གཞན་དོན་ལའང་ལྟོས་ཤིག"

5 ༥་ མ་ཤི་ཀ་ཡེ་ཤུས་ཇི་ལྟར་དགོངས་པ་ལྟར་ཁྱེད་ཚོས་ཀྱང་ཕན་ཚུན་དེ་ལྟར་སོམས་ཤིག"

6 ༦་ །ཁོང་ནི་ཨེ་ལོ་ཧིམ་ས་ལྡན་ཡང་། །ཨེ་ལོ་ཧིམ་དང་ནི་མཉམ་པ་སྤངས།"

7 ༧་ །ཉིད་ཀྱི་གཟི་བརྫིད་དོར་མཛད་དེ། །བྲན་གྱི་ས་ནི་ཡོངས་བཞེས་ནས། །མི་ཕལ་རྣམས་དང་འདྲ་བར་འགྱུར།"

8 ༨་ །མི་ཡི་རྣམ་འགྱུར་ལྡན་པས་ན། །དམན་ས་བཟུང་ཞིང་རྒྱང་ཤིང་ཁར། །གྲོངས་པ་ཙམ་དུ་བཀའ་འབངས་མཛད།"

9 ༩་ །དེ་ཡི་ཕྱིར་དུ་ཨེ་ལོ་ཧིམ་གྱིས། །མཚན་རྣམས་ཡོངས་ལས་མཐོ་བའི་མཚན། །ཁོང་ལ་གནང་ཞིང་ཡར་འདེགས་པར་མཛད།"

10 ༡༠་ །ཡེ་ཤུའི་མཚན་ནི་རྗོད་ཙམ་དུ། །ནམ་མཁའི་ཞིང་ཁམས་དང་ས་འོག་ས་སྟེང་དུ། །པུས་མོ་འཛུག་ཅིང་ལྕེ་རེ་རེས།"

11 ༡༡་ །ཡེ་ཤུ་མ་ཤི་ཀ་འབའ་ཤིག །ཀྱུ་རི་བོ་ལགས་ཞེས་ཁས་བླང་ཤིང་། །ཨེ་ལོ་ཧིམ་ཡབ་ལ་བསྟོད་པར་འགྱུར།།"

12 ༡༢་ །དེ་ལྟར་ངའི་གཅེས་པ་རྣམས་ཁྱེད་རྟག་དུ་ངའི་ཁ་ལ་ཉན་པ་ལྟར། ང་དེར་ཡོད་པ་ལས་ལྷག་པར་ད་ལྟ་ང་དེར་མེད་ཙ་ན། འཇིགས་ཤིང་འདར་ཞིང་རང་གི་ཐར་པ་སྒྲུབས་ཤིག"

13 ༡༣་ ཉིད་ཀྱི་ཐུགས་འདོད་བཟང་པོ་སྒྲུབ་ཕྱིར་ཁྱེད་ཚོའི་ནང་ཀུན་ལོང་དང་ལག་ལེན་གཉིས་གནང་མཁན་ནི་ཨེ་ལོ་ཧིམ་ལགས་སོ།"

14 ༡༤་ ཟུར་ཟ་དང་ཁ་རྩོད་མེད་པར་བྱ་བ་ཐམས་ཅད་བྱོས་ཤིག་དང་།"

15 ༡༥་ གཡོ་ཅན་དང་ཕྱིན་ཅི་ལོག་པའི་མི་བརྒྱུད་ཀྱི་དཀྱིལ་དུ་། ཁྱེད་ཅག་སྐྱོན་མེད་དང་ཉེས་མེད། ཨེ་ལོ་ཧིམ་གྱི་སྲས་དྲི་མ་མེད་པར་འགྱུར་ནས། གསོན་པ་ཉིད་ཀྱི་བཀའ་དམ་དུ་བཟུང་ཞིང་། འཇིག་རྟེན་ནང་སྒྲོན་མེ་ལྟར་འབར་བར་འགྱུར།"

16 ༡༦་ དེ་ནས་མ་ཤི་ཀའི་ཉིན་མོར་ང་ཕར་ཚུར་བརྒྱུགས་པ་དང་ངའི་རྩོལ་བ་དོན་མེད་དུ་མ་གྱུར་པ་ལ་ང་ཡི་རང་བར་འགྱུར་རོ།"

17 ༡༧་ །གལ་ཏེ་ཁྱེད་ཚོའི་དད་པའི་འབུལ་བ་ལ་ངའི་ཁྲག་བླུག་དགོས་ཀྱང་ང་དགའ་ཞིང་། ཁྱེད་ཚོ་དང་མཉམ་དུ་ཡི་རངས་པར་བྱའོ།"

18 ༡༨་ དེ་བཞིན་དུ་ཁྱེད་ཚོའང་དགའ་ཞིང་ང་དང་མཉམ་དུ་ཡི་རང་བར་འགྱུར་ཅིག།"

19 ༡༩་ ཁྱེད་ཚོའི་གནས་ཚུལ་ཐོས་ཤིང་བློ་བདེ་བའི་ཕྱིར་དུ། ངས་ཏི༷་མོ་ཐིའུ་ཁྱེད་ཚོའི་རྩར་མྱུར་དུ་གཏོང་བའི་རེ་བ་ཀྱུ་རི་བོ་ཡེ་ཤུ་ལས་བྱེད་དོ།"

20 ༢༠་ །ཁྱེད་ཚོའི་དོན་དུ་བདེན་པར་ཤ་ཚ་བྱེད་མཁན་ཁོང་འདྲ་བ་ངའི་རྩར་གཞན་མེད།"

21 ༢༡་ གཞན་རྣམས་ཀྱིས་མ་ཤི་ཀའི་དོན་ལ་མི་ལྟ་བར་རང་དོན་བྱེད་དོ། "

22 ༢༢་ །བུས་ཕ་དང་མཉམ་དུ་གང་བྱེད་པ་ལྟར་ཏི༷་མོ་ཐིའུས་ང་དང་མཉམ་དུ་འཕྲིན་བཟང་སྤེལ་བའི་ཞབས་ཏོག་བྱས་པས་ཁོའི་རིན་ཐང་ཆེ་བ་ནི་ཁྱེད་ཚོར་རྒྱུས་ཡོད།"

23 ༢༣་ ང་ལ་ཅི་བྱུང་འོང་བ་ཤེས་མ་ཐག་ཏུ་ཁོང་དེར་གཏོང་བའི་རེ་བ་ཡོད།"

24 ༢༤་ ང་རང་ཡང་མྱུར་དུ་དེར་སླེབ་ཐུབ་པར་ཀྱུ་རི་བོ་ལ་བློ་གདེང་བྱེད་དོ།།"

25 ༢༥་ །ངའི་སྤུན་དང་ལས་གྲོགས་དང་འཐབ་གྲོགས། ཁྱེད་ཚོའི་བང་ཆེན་དང་། ངའི་མཁོ་ཆས་སྒྲིག་མཁན་ཨེ༷་པབ་རོ་དི་ཏུ་ཁྱེད་ཚོའི་རྩར་ལོག་གཏོང་བ་གལ་ཆེ་བར་སེམས་སོ།"

26 ༢༦་ ཁོང་གིས་ཁྱེད་ཐམས་ཅད་བསམ་ཞིང་། ཁོང་ན་བ་ཁྱེད་ཚོས་ཐོས་པས་ལྷག་པར་སེམས་ཁྲལ་བྱེད་དོ།"

27 ༢༧་ །ཁོང་ན་ནས་འཆི་བ་ལ་ཐུག་ཀྱང་། ཨེ་ལོ་ཧིམ་གྱིས་སྙིང་རྗེ་མཛད་བྱུང་། ཁོང་མ་ཟད་ང་ལའང་མྱ་ངན་གྱི་ཁར་མྱ་ངན་མི་འབྱུང་ཕྱིར་སྙིང་རྗེ་མཛད་བྱུང་།"

28 ༢༨་ ཁོང་མཐོང་ནས་ཁྱེད་ཚོ་དགའ་བའི་ཕྱིར་དང་། ང་བློ་བདེ་བའི་ཕྱིར་ཁོང་དེར་གཏོང་བར་རིངས་སོ།"

29 ༢༩་ །ང་ལ་ཁྱེད་ཚོའི་ཞབས་ཏོག་ཡོངས་སུ་གྲུབ་པའི་ཕྱིར་ཁོས་རང་སྲོག་ལའང་མ་ལྟ་བར།"

30 ༣༠་ མ་ཤི་ཀའི་ཕྲིན་ལས་ཀྱི་དོན་དུ་འཆི་བ་ལ་ཐུག་པས། ཀྱུ་རི་བོའི་ཕྱིར་ཡི་རང་ཞིང་ཁོར་བསུ་བ་གྱིས་ཤིག །འདི་འདྲ་བའི་མི་ལ་ཞེ་ས་བྱོས་ཤིག། །།"

3

1 ༡་ །མདོར་ན་ངའི་སྤུན་རྣམས། ཀྱུ་རི་བོ་ལ་ཡི་རང་བར་གྱུར་ཅིག །དོན་གཅིག་རང་ཡང་ཡང་འབྲི་བ་ལ་ང་མི་བསུན་གྱི། ཁྱེད་ཚོའི་ཕྱིར་ཕན་ནོ།"

2 ༢་ ཁྱི་ཡིན་པ་རྣམས་ལ་ཟོན་བྱོས་ཤིག །ལས་ངན་བྱེད་པ་རྣམས་ལ་ཟོན་བྱོས་ཤིག་ཡ༷་ཧུ་དཱ་པའི་རྟགས་དང་ལྡན་པ་རྣམས་ལ་ཟོན་བྱོས་ཤིག"

3 ༣་ །ལུས་ལ་བློ་གདེང་མི་བྱེད་པར། ཨེ་ལོ་ཧིམ་ལ་རུ་ཨག་གྱི་སྒོ་ནས་བསྙེན་བཀུར་བྱེད་ཅིང་མ་ཤི་ཀ་ཡེ་ཤུ་ངོམ་པ་ང་ཚོ། བདེན་པའི་རྟགས་དང་ལྡན་པའི་ཨེ་ལོ་ཧིམ་གྱི་མི་སྡེ་ཡིན།"

4 ༤་ ང་རང་ལུས་ལ་བལྟས་ཀྱང་བློ་གདེང་གི་རྒྱུ་ཡོད། སུ་ཞིག་ལ་ལུས་ལ་བལྟས་ཏེ་བློ་གདེང་བྱེད་པའི་རྒྱུ་ཡོད་ན། ང་ལ་ལྷག་པར་དུ་ཡོད།"

5 ༥་ །ང་ནི་ཞག་བརྒྱད་པ་ལ་རྟགས་དང་ལྡན་ཏེ། མི་བརྒྱུད་ནི་ཡི༷ས་ར་ཨེལ་པ། སྡེ་ནི་བེ༷ན་ཡ་མིན་པ། ཨི༷བ་རི་པ་ནས་ཆད་པའི་ཨི༷བ་རི་པ། ཚུལ་ཁྲིམས་ནི་ཕ༷་རུ་ཤི་པ།"

6 ༦་ །འདུན་པ་ནི་མ་ཤི་ཀ་པ་ཚོགས་ལ་འཚེ་བ་པོ། །བཀའ་ཁྲིམས་ཀྱི་རྣམ་པར་དག་པ་ལ་བལྟས་ཏེ་སྐྱོན་མེད་ཡིན།"

7 ༧་ །འོན་ཀྱང་ངའི་ཁེ་དང་འདྲ་བ་རྣམས་མ་ཤི་ཀའི་དོན་དུ་གུན་དུ་བརྩིས་པ་ཡིན།"

8 ༨་ །ངའི་ཀྱུ་རི་བོ་ལགས་པའི་ཡེ་ཤུ་མ་ཤི་ཀ་རྟོགས་པ་ཤིན་ཏུ་རིན་ཐང་ཆེ་བས། གཞན་ཐམས་ཅད་གུན་དུ་རྩིའོ།"

9 ༩་ །མ་ཤི་ཀ་རྙེད་པའི་ཕྱིར་། བཀའ་ཁྲིམས་ལ་རག་ལས་པའི་དགེ་རྩ་ང་ལ་མེད་ཅིང། མ་ཤི་ཀ་ལ་དད་པའི་སྒོ་ནས་བྱུང་བའི་དད་པ་ལ་རག་ལུས་པའི་ཨེ་ལོ་ཧིམ་གྱི་ཐུགས་རྗེའི་ཞལ་ཆེ་དང་ལྡན་པར་ཤེས་ཏེ། ཁོང་གི་དོན་དུ་ཐམས་ཅད་གུན་དུ་རྩི་ཞིང་། ཕྱག་དར་ལྟར་རྩིའོ།"

10 ༡༠་ །ཁོང་ཉིད་དང་གཤིན་པོ་ལས་སྐུ་གསོན་པོར་བཞེངས་པའི་མཐུ་ནུས་རྟོགས་པ་དང་། ཁོང་གྲོངས་པ་དང་འདྲ་བར་འཆི་ཞིང་། ཁོང་གི་སྡུག་བསྔལ་ངས་མྱོང་བ་དང་།"

11 ༡༡་ ཐུབ་ན་གཤིན་པོའི་ཁྲོད་ལས་གསོན་པོར་ལང་བ་ནི་ངའི་འདོད་དོན་ནོ།"

12 ༡༢་ །དེ་ནི་ཐོབ་ཟིན་པ་དང་ང་མཐར་ཕྱིན་པའི་དོན་ལ་མ་ཡིན། མ་ཤི་ཀ་ཡེ་ཤུས་ང་དོན་གང་གི་ཕྱིར་འཛིན་པ་དེ་ངས་འཛིན་པའི་ཕྱིར་དུ་སྙེགས་སོ།"

13 ༡༣་ །ངས་དེ་འཛིན་ཡོད་པ་མི་སེམས་པར། རྒྱབ་ལ་ཡོད་པ་དེ་བརྗེད་དེ། མདུན་དུ་ཡོད་པའི་ཕྱོགས་སུ་འཚང་ཞིང་།"

14 ༡༤་ ཨེ་ལོ་ཧིམ་གྱིས་མ་ཤི་ཀ་ཡེ་ཤུའི་ངང་ན་ང་སྟེང་དུ་བོས་པར་མཛད་པའི་གནང་སྦྱིན་རྙེད་ཆེད་དམིགས་ཡུལ་ཕྱོགས་སུ་ང་རྒྱུག་གོ"

15 ༡༥་ །ང་ཚོ་མཐར་ཕྱིན་ཚད་ལ་དེ་ལྟ་བུའི་སེམས་སྐྱེད་དགོས། གལ་ཏེ་ཁྱེད་ཚོར་བསམ་པ་མི་འདྲ་བ་ཅི་ཞིག་ཡོད་ན། ཨེ་ལོ་ཧིམ་གྱིས་དེའང་སྟོན་པར་འགྱུར།"

16 ༡༦་ ཅི་ཡིན་རུང་གང་དུ་བསླེབས་ཡོད་པའི་ཚད་དང་བསྟུན་ཏེ། ད་དུང་ཡང་དེ་ཕྱོགས་སུ་རྒྱུག་དགོས།།"

17 ༡༧་ །སྤུན་རྣམས། ཁྱེད་ཚོ་གཅིག་ཏུ་ཁ་མཐུན་ནས་ངའི་ལད་མོ་བྱོས་ཤིག །ང་ཚོའི་དཔེ་བཞིན་དུ་སྤྱོད་མཁན་རྣམས་ལ་ལྟོས་ཤིག"

18 ༡༨་ མི་མང་པོས་ནི་མ་ཤི་ཀའི་རྒྱང་ཤིང་གི་དགྲ་བོ་ལྟར་སྤྱོད་དོ་ཞེས་ངས་ཁྱེད་ཚོར་ལན་མང་སྨྲས་ཤིང་། ད་ལྟ་མིག་ལ་མཆི་མ་དང་བཅས་ཟེར་རོ།"

19 ༡༩་ །དེ་ཚོའི་མཐའ་མ་འཆི་བ་ཡིན། དེ་ཚོའི་ཨེ་ལོ་ཧིམ་གྲོད་པ་ཡིན། སའི་དངོས་པོ་རྣམས་སེམས་ཤིང་། རང་གི་ངོ་ཚ་བའི་དཔལ་ངོམ་པར་བྱེད་དོ།"

20 ༢༠་ །འོན་ཀྱང་ང་ཚོའི་ཕ་ཡུལ་ནི་ནམ་མཁའ་ན་ཡོད། དེ་ཕྱོགས་ནས་སྐྱབས་མགོན་ལགས་པའི་ཀྱུ་རི་བོ་ཡེ་ཤུ་མ་ཤི་ཀ་འབྱོན་པ་ལ་ང་ཚོ་སྒུག་གོ"

21 ༢༡་ །ཐམས་ཅད་ཉིད་ཀྱི་དབང་དུ་བསྡུ་ནུས་པའི་མཐུ་སྟོབས་ལྡན་པ་ཁོང་གིས། ང་ཚོའི་ཐ་མལ་པའི་ལུས་བསྒྱུར་ནས། ཉིད་ཀྱི་ལྷན་ནེ་བའི་སྐུ་ལུས་དང་འདྲ་བར་མཛད་པར་འགྱུར་རོ།། །།"

4

1 ༡་ །དེའི་ཕྱིར་ངས་བརྩེ་ཞིང་གདུང་བའི་སྤུན། ངའི་དགའ་སྤྲོ་དང་གཙུག་རྒྱན་འདྲ་བའི་གཅེས་པ་རྣམས། ཀྱུ་རི་བོ་ལ་དད་ཅིང་བརྟན་པར་གནས་ཤིག"

2 ༢་ །ཀྱུ་རི་བོའི་ཕྱིར་མཐུན་པར་འགྱུར་ཅིག་ཅེས་ངས་ཨེ༷་ཝོད་ཡཱ་དང་སི༷ན་ཏི་ཀེ་ལའང་སྐུལ་ལོ།"

3 ༣་ །ཀྱེ་ངའི་ལས་རོགས་དྲང་པོ། ཁྱེད་ཀྱིས་བུད་མེད་དེ་གཉིས་ལ་རོགས་རམ་བྱེད་པའི་ཕྱིར་ཞུ་བ་འབུལ་ལོ། དེ་གཉིས་ཀྱིས་ཀ༷་ལེ་མེན་ལ་སོགས་པའི་ངའི་ལས་རོགས་རྣམས་དང་བཅས་ངའི་ཟླ་ལ་འཕྲིན་མཟང་གི་ཕྱིར་འཐབ་པ་ཡིན། ཚེའི་དེབ་ནང་དེ་ཚོའི་མིང་བྲིས་ཡོད།"

4 ༤་ །རྟག་ཏུ་ཀྱུ་རི་བོ་ལ་ཡིད་རངས་པར་འགྱུར་ཅིག །ཡིད་རངས་པར་འགྱུར་ཅིག །ཅེས་ཡང་སྐྱར་སྨྲའོ།"

5 ༥་ ཁྱེད་ཚོའི་སེམས་དུལ་བ་དེ་མི་ཐམས་ཅད་ལ་སྟོན་ཅིག །ཀྱུ་རི་བོ་འབྱོན་པར་ཉེའོ།"

6 ༦་ །གང་ལའང་སེམས་ཁྲལ་མི་བྱེད་པར། རྣམ་པ་ཐམས་ཅད་དུ་ཁྱེད་ཚོའི་དགོས་པ་རྣམས་ཞུ་བ་དང་སྨོན་ལམ་གྱི་སྒོ་ནས་བསྟོད་བསྔགས་དང་བཅས་ཨེ་ལོ་ཧིམ་ལ་ཞུས་ཤིག"

7 ༧་ །བློ་ལས་འདས་པའི་ཨེ་ལོ་ཧིམ་གྱི་ཞི་བདེས། མ་ཤི་ཀ་ཡེ་ཤུའི་ངང་ན་ཁྱེད་ཚོའི་སྙིང་དང་བསམ་པ་རྣམས་སྲུང་བར་འགྱུར་རོ།"

8 ༨་ །མདོར་ན་སྤུན་རྣམས་བདེན་པ་གང་ཡིན་པ་དང་། དཔལ་པ་གང་ཡིན་པ་དང་། དྲང་པོ་གང་ཡིན་པ་དང་། གཙང་མ་གང་ཡིན་པ་དང་། ཡིད་དུ་འོང་བ་གང་ཡིན་པ་དང་། མཛེས་པ་གང་ཡིན་པ་དང་། དྲག་པ་གང་ཡིན་པ་དང་། བསྟོད་འོས་པ་གང་ཡིན་པ་རྣམས་ལ་བསམ་བློ་ཐོང་ཞིག"

9 ༩་ །ཁྱེད་ཚོས་ང་ལས་ཅི་བསླབས་པ་དང་། བླངས་པ་དང་། ཐོས་པ་དང་། མཐོང་བ་དེ་བྱོས་ཤིག །ཞི་བདེ་གནང་བའི་ཨེ་ལོ་ཧིམ་ཁྱེད་དང་མཉམ་དུ་བཞུགས་པར་འགྱུར་རོ།། ཕི༷་ལིབ་པི་པ་རྣམས་ཀྱིས་བྱས་པའི་དྲིན་དྲན་པ།"

10 ༡༠་ །དུས་འགའ་ཞིག་གི་རྗེས་སུ་ངའི་དོན་དུ་ཡང་སྐྱར་ཁྱེད་ལ་ཤ་ཚ་བྱུང་བས། ཀྱུ་རི་བོ་དྲན་ཞིང་རབ་ཏུ་དགའོ། །ཤ་ཚ་སྔོན་ལ་ཡོད་ཀྱང་ཁྱེད་ལ་སྐབས་མ་བྱུང་།"

11 ༡༡་ །ངའི་དགོས་འདོད་ལ་བསྟས་ཏེ་དེ་ལྟར་མི་ཟེར། ཅིའི་ཕྱིར་ཞེ་ན། ངས་གནས་སྐབས་ཐམས་ཅད་དུ་ཆོག་ཤེས་པ་བསླབས་པ་ཡིན།"

12 ༡༢་ དམན་ཆ་གཟུང་བའང་ཤེས། ལོངས་སྤྱོད་པའང་ཤེས། འགྲང་བ་དང་ལྟོགས་པ། འབེལ་པོ་དང་དཀོན་པོ་ཅི་འབྱུང་བ་ཐམས་ཅད་ཐེག་པའི་གསང་བ་བསླབས་སོ།"

13 ༡༣་ །ང་ལ་སྟོབས་གནང་མཁན་གྱི་མཐུས་ཐམས་ཅད་ནུས་སོ།"

14 ༡༤་ །འོན་ཀྱང་ཁག་པོའི་དུས་སུ་ང་ལ་རོགས་རམ་བྱས་པས་ཐུགས་རྗེ་ཆེ།"

15 ༡༥་ འཕྲིན་བཟང་འགོ་བཙུག་པའི་དུས་སུ། ང་མ༷་ཀེ་དོན་ཡུལ་ནས་འགྲོ་བའི་ཚེ་ཁྱེད་ཚོ་ཕིི༷་ལིབ་པི་པ་རྣམས་ཀྱིས་མ་གཏོགས་པར། གཞན་མ་ཤི་ཀ་པ་ཚོགས་གང་གིས་ཀྱང་གཏོང་ལེན་གྱི་རོགས་རམ་མ་བྱས་པ་ཁྱེད་ལ་རྒྱུས་ཡོད།"

16 ༡༦་ ཐེ༷་ས་ལོ་ནི་ཀེ་ནི་ཀེ་རུའང་ཁྱེད་ཚོས་ང་ལ་རོགས་རམ་ལན་གཉིས་བྱས་བྱུང་།"

17 ༡༧་ ངས་གསོལ་རས་མི་འཚོལ་གྱི། ཁྱེད་ཚོར་ཕན་པའི་དད་པའི་འབྲས་བུ་འཚོལ་ལོ།"

18 ༡༨་ །ང་ལ་ཚང་མ་ཐོབ་པ་མ་ཟད་ལྷག་པའང་ཐོབ། ཨེ༷་པབ་རོ་དི་ཏུ་རྒྱུད་ཨེ་ལོ་ཧིམ་དགྱེས་ཤིང་ཐུགས་སུ་འབྱོན་པའི་དྲི་ཞིམ་གྱི་འབུལ་བ་ཁྱེད་ཚོས་བསྐུར་བ་འབྱོར་ནས་ང་ཡིད་ཚིམ་མོ།"

19 ༡༩་ །ངའི་ཨེ་ལོ་ཧིམ་གྱི་ཉིད་ཀྱི་དཔལ་འབྱོར་གྱི་ནང་ནས། ཁྱེད་ཚོར་དགོས་པ་ཐམས་ཅད་མ་ཤི་ཀ་ཡེ་ཤུ་རྒྱུད་ནས་གནང་བར་འགྱུར་རོ།"

20 ༢༠་ །ང་ཚོའི་ཨེ་ལོ་ཧིམ་ཡབ་ལ་རྒྱུན་ནས་རྒྱུན་དུ་བསྟོད་བསྔགས་པར་གྱུར་ཅིག
།ཨ་མེན།"

21 ༢༡་ །ཡེ་ཤུ་མ་ཤི་ཀ་ལ་དད་པའི་དམ་པ་རྣམས་ལ་ཕྱག་ཕུལ་ཞིག ང་དང་མཉམ་དུ་ཡོད་པའི་སྤུན་རྣམས་ཀྱིས་ཕྱག་བྱེད་དོ།"

22 ༢༢་ །མ་ཤི་ཀ་པ་ཐམས་ཅད་དང་ཁྱད་པར་དུ་ཀེ༷་སར་གྱི་ཁྱིམ་ན་གནས་པ་རྣམས་ཀྱིས་ཀྱང་ཕྱག་བྱེད་དོ།"

23 ༢༣་ །ཀྱུ་རི་བོ་ཡེ་ཤུ་མ་ཤི་ཀའི་ཐུགས་རྗེ་ཁྱེད་ཚོའི་སེམས་དང་མཉམ་དུ་བཞུགས་པར་ཤོག་ཅིག། །།"