1

1 ༡་ །མིའི་ཕྱོག་ནས་སམ་མིའི་རྐྱེན་གྱིས་མ་ཡིན་པར། ཡེ་ཤུ་མ་ཤི་ཀ་དང་ཁོང་གཤིན་པོ་ལས་བསླངས་པའི་ཡབ་ཨེ་ལོ་ཧིམ་གྱི་རྐྱེན་གྱེས་ཨ༷་པོ་ཏོ་ལོ་པ་ཡིན་པའི་པ༷འུ་ལུ་ང་དང་།"

2 ༢་ ང་མཉམ་ཡོད་པའི་སྤུན་ཐམས་ཅད་ཀྱིས་ག༷་ལད་ཡཱའི་མ་ཤི་ཀ་པ་རྣམས་ལ་ཡི་གེ་འདི་འབུལ་ལོ།"

3 ༣་ །ང་ཚོའི་ཡབ་ཨེ་ལོ་ཧིམ་དང་ཀྱུ་རི་བོ་ཡེ་ཤུ་མ་ཤི་ཀ་ནས་ཁྱེད་ཚོ་ལ་ཐུགས་རྗེ་དང་ཞི་བདེ་འབབ་པར་ཤོག་ཅིག"

4 ༤་ །མ་ཤི་ཀས་ནི་ང་ཚོའི་ཡབ་ཨེ་ལོ་ཧིམ་གྱི་ཐུགས་དགོངས་དང་བསྟུན་ཏེ། ང་ཚོ་སྙིགས་དུས་ངན་པ་འདི་ལས་སྒྲོལ་བའི་ཕྱིར་དུ་ང་ཚོའི་སྡིག་པའི་མཐོལ་བཤགས་ལ་ཉིད་ཀྱི་སྐུ་སྲོག་ཕུལ་བས།"

5 ༥་ རྒྱུན་དུ་ཨེ་ལོ་ཧིམ་ལ་བསྟོད་དོ། ཨ་མེན།།"

6 ༦་ །མ་ཤི་ཀའི་ཐུགས་རྗེའི་ངང་ལས་ཁྱེད་ཚོ་བོས་མཁན་ང་བོར་ནས། འཕྲིན་བཟང་གཞན་ཞིག་འདི་ཙམ་མྱུར་བར་བླངས་པ་ནི་ངོ་མཚར་ཆེའོ།"

7 ༧་ །འཕྲིན་བཟང་གཞན་ཞིག་མེད་ཀྱི། མི་རེས་ཁྱེད་དཀྲུགས་ནས་མ་ཤི་ཀའི་འཕྲིན་བཟང་ལ་ཕྱིན་ཅི་ལོག་ཏུ་སྒྱུར་བར་བརྩོན་ནོ།"

8 ༨་ །ང་ཚོས་སྔོན་དུ་བཤད་པའི་འཕྲིན་བཟང་ལས་གཞན་ཞིག་འཆད་མཁན་འབྱུང་ན། ང་ཚོ་ཡིན་རུང་། ནམ་མཁའི་ཨ༷ན་ཇལ་ཡིན་རུང་། དམོད་པར་གྱུར་ཅིག"

9 ༩་ །ང་ཚོས་སྔར་སྨྲས་པ་བཞིན་ཡང་སྐྱར་འདི་སྐད་དུ། ཁྱེད་ཚོས་བླངས་པའི་འཕྲིན་བཟང་ལས་གཞན་ཞིག་འཆད་པ་དེ་དམོད་པར་གྱུར་ཅིག་ཅེས་ཞུའོ།"

10 ༡༠་ །ད་ངས་མི་རྣམས་དགའ་ཕྱིར་བརྩོན་ནམ། ཨེ་ལོ་ཧིམ་དགྱེས་ཕྱིར་བརྩོན། ད་དུང་ཡང་མི་རྣམས་དགའ་འཇུག་པར་བརྩོན་ནམ་ཅི། གལ་ཏེ་བརྩོན་པ་ཡིན་ན། མ་ཤི་ཀའི་ཞབས་ཕྱིར་མ་གྱུར་པ་ཡིན་ནོ།།"

11 ༡༡་ ཁྱེད་སྤུན་རྣམས་ལ་ངས་བཤད་པའི་འཕྲིན་བཟང་དེ་མིའི་ལུགས་སུ་མ་ཡིན་པ་ཤེས་ཤིག"

12 ༡༢་ །ང་ལ་འདི་ནི་མིའི་ཕྱོགས་ནས་མ་ཐོབ། མིས་མ་བསླབས་ཀྱིས། ཡེ་ཤུ་མ་ཤི་ཀས་མངོན་པར་ཞལ་གཟིགས་པའི་སྒོ་ནས་ཐོབ་བོ།"

13 ༡༣་ །སྔར་ངས་ཡ༷་ཧུ་དཱ་པའི་ཆོས་ལུགས་འཛིན་ཙ་ན་ངའི་སྤྱོད་ལམ་ཁྱེད་ཚོས་ཐོས་པ་ལྟར། ངས་ཨེ་ལོ་ཧིམ་གྱི་མ་ཤི་ཀ་པ་རྣམས་ལ་ཚོད་མེད་འཚེ་ཞིང་བཅོམ་ནས།"

14 ༡༤་ ཕ་མེས་ཀྱི་གནའ་སྲོལ་གྱི་དོན་ལ་ཤིན་ཏུ་བརྩོན་འགྲུས་བས། ན་མཉམ་གྱི་ཡ༷་ཧུ་དཱ་པ་གཞན་ལས་ངས་ཆོས་ལྷག་པར་བསྒྲུབས་སོ།"

15 ༡༥་ །འོན་ཀྱང་ཨེ་ལོ་ཧིམ་གྱིས་ང་མའི་མངལ་ནས་འདམས་ཏེ། ཐུགས་རྗེས་བོས་པར་མཛད་པ་ཁོང་གིས།"

16 ༡༦་ ལྷ་ཆོས་པ་རྣམས་ལ་ཉིད་ཀྱི་སྲས་ཀྱི་མཚན་འཆད་པའི་དོན་དུ། སྲས་དེ་ང་ལ་ཐུགས་མངོན་པར་དགྱེས་མ་ཐག་ཏུ། ངས་ཤ་ཁྲག་དང་གྲོས་མ་བྱས།"

17 ༡༧་ ང་ལས་སྔོན་དུ་ཨ༷་པོ་ཏོ་ལོ་པ་རུ་གྱུར་པ་རྣམས་ཀྱི་རྩར་ཡེ༷་རུ་ཤ་ལེམ་དུའང་མ་སོང་བར། ཨ༷་རབ་ཡུལ་དུ་སོང་བའི་འོག་ཏུ། ད༷་མེ་སེག་ཏུ་ཕྱིར་ལོག་གོ"

18 ༡༨་ །དེ་ནས་ལོ་གསུམ་གྱི་རྗེས་སུ་པེ༷་ཏྲོ་དང་འཕྲད་པའི་ཕྱིར་དུ་ཡེ༷་རུ་ཤ་ལེམ་དུ་སོང་ནས། ཁོའི་རྩར་ཞག་བཅོ་ལྔ་བསྡད་ཀྱང་།"

19 ༡༩་ ཀྱུ་རི་བོའི་སྐུ་མཆེད་ཡ༷་ཀོབ་མ་གཏོགས་པར་ཨ༷་པོ་ཏོ་ལོ་པ་གཞན་གཅིག་ཀྱང་མ་མཐོང་ངོ་།"

20 ༢༠་ །ངས་བྲིས་པ་འདི་ནི་ཨེ་ལོ་ཧིམ་དཔང་དུ་འཛུག་ནས་བདེན་ནོ།"

21 ༢༡་ །དེའི་འོག་ཏུ་ང་སི༷ར་ཡ་དང་ཀི༷་ལིག་ཡའི་ཡུལ་ལྗོངས་སུ་འོངས་སོ། "

22 ༢༢་ །ཡ༷་ཧུ་དཱ་ཡུལ་དུ་ཡོད་པའི་མ་ཤི་ཀའི་པ་རྣམམ་ཀྱིས་ང་ངོ་མ་ཤེས་ཀྱང་།"

23 ༢༣་ གཞན་གྱི་ཁ་ནས། སྔོན་དུ་ང་ཚོར་གཙེས་ཤིང་དད་པ་མེད་པར་བྱས་པ་ཁོ་རང་གིས་ད་ལྟ་དད་པ་དེ་འཆད་དོ་ཞེས་པའི་གཏམ་ཐོས་ནས།"

24 ༢༤་ ངའི་སྐོར་ཨེ་ལོ་ཧིམ་ལ་བསྟོད་བསྔགས་སོ།། །།"

2

1 ༡་ །ལོ་བཅུ་བཞིའི་རྗེས་སུ་ཏི༷་ཏུའང་ཁྲིད་ནས། བ༷ར་ན་བཱ་དང་མཉམ་དུ་ཡེ༷་རུ་ཤ་ལེམ་དུ་སླར་སོང་ངོ། །མངོན་པར་གྱུར་པ་བཞིན་དུ་སོང་ནས།"

2 ༢་ ངའི་བྱེས་ཐམས་ཅད་དོན་མེད་དུ་མི་འགྱུར་བའི་ཕྱིར། ངས་ཨེ་ལོ་ཧིམ་ངོ་མ་ཤེས་པར་འཆད་པའི་འཕྲིན་བཟང་དཔོན་པོ་རྣམས་ལ་ཟུར་དུ་བཤད་དོ།"

3 ༣་ །དེ་མ་ཟད་ང་མཉམ་ཡོད་པའི་ཏི༷་ཏུ་ནི་ཧེ༷་ལེན་པ་ཡིན་ཀྱང་། ཡ༷་ཧུ་དཱ་པའི་རྟགས་བླངས་མ་དགོས་སོ།"

4 ༤་ །གསང་སྟེ་ཞུགས་པའི་སྤུན་རྫུས་མ་རེས་ང་ཚོར་ཐོབ་པའི་མ་ཤི་ཀའི་རང་དབང་ལ་མཚང་འབྲུ་ཞིང་། ང་ཚོ་བྲན་དུ་འཁོལ་བའི་ཕྱིར་འརྫུལ་ཡང་།"

5 ༥་ །ཁྱེད་ཚོའི་ཕྱིར་འཕྲིན་བཟང་གི་བདེན་པ་གནས་པའི་དོན་དུ། ང་ཚོས་ཡུད་ཙམ་ཡང་དེ་ཚོའི་ཁར་མ་ཉན་ཏོ།"

6 ༦་ །ཨེ་ལོ་ཧིམ་ནི་ཕྱོགས་རིས་མེད་པས། དཔོན་པོ་དེ་ཚོ་ཇི་ཡིན་རུང་ང་ལ་ཁྱད་པར་མེད་ཀྱི། ངས་བཤད་པ་ལ་དེ་ཚོས་ཅིའང་མ་བསྣན་པ་མ་ཟད།"

7 ༧་ ཡ༷་ཧུ་དཱ་པ་རྣམས་ཀྱི་རྩར་པེ༷་ཏྲོ་མངགས་མཁན་ཁོང་ཉིད་ཀྱིས་ང་ཨེ་ལོ་ཧིམ་ངོ་མ་ཤེས་པ་རྣམས་ཀྱི་རྩར་མངགས་པས།"

8 ༨་ ཇི་ལྟར་པེ༷་ཏྲོ་ལ་ཡ༷་ཧུ་དཱ་པར་འཕྲིན་བཟང་འཆད་པའི་འགན་གནང་བ། དེ་ལྟར་ང་ལ་ཨེ་ལོ་ཧིམ་ངོ་ཤེས་པའི་འགན་གནང་ཡོད་པར་མཐོང་ཞིང་།"

9 ༩་ ང་ལ་མཛད་པའི་ཐུགས་རྗེ་དེ་ཡ༷་ཀོབ་དང་པེ༷་ཏྲོ་དང་ཡོ༷་ཧ་ནན་གྱིས་ཀྱང་གོའོ། །དེ་ནས་ཀ་བ་ལྟར་ཡིན་པ་དེ་གསུམ་པོས་ང་དང་བ༷ར་ན་བཱ་ལ་མཉམ་གྲོགས་ཀྱི་རྟགས་ཡིན་པའི་ལག་གཡས་བཏང་ནས། ང་ཚོ་ཨེ་ལོ་ཧིམ་ངོ་མ་ཤེས་པའི་རྩར་འགྲོ་བ་དང་། ཁོང་ཚོ་ཡ༷་ཧུ་དཱ་པའི་རྩར་འགྲོ་བར་ཐག་བཅད་དོ།"

10 ༡༠་ །ང་ཚོས་ཡེ༷་རུ་ཤ་ལེམ་གྱི་དབུལ་པོ་རྣམས་དྲན་པར་ཁོང་ཚོས་འདོད་པས། དེ་ནི་ང་རང་བྱེད་འདོད་པ་ཁོ་ནའོ།།"

11 ༡༡་ །དེ་མ་ཟད་པེ༷་ཏྲོ་ཨ༷ན་ཏི་ཡོག་ཡཱ་ལ་བསྡད་པའི་ཚེ། བཀའ་བཀྱོན་དགོས་པས། ངས་ཁོའི་གདོང་ལ་རྒོལ་བ་ཡིན།"

12 ༡༢་ ཡ༷་ཀོབ་ཀྱི་ཕྱོགས་པ་རེ་མ་བསླེབས་པའི་སྔོན་དུ། པེ༷་ཏྲོས་ཡ༷་ཧུ་དཱ་པ་མིན་པའི་སྤུན་རྣམས་དང་མཉམ་དུ་ཁ་ཟས་ཟོས་ཀྱང་། དེ་ཚོ་བསླེབས་པ་དང་། ཕེ༷་ཏྲོ་ཡ༷་ཧུ་དཱ་པ་ལ་འཇིགས་ནས། བྱོལ་ཞིང་སོ་སོར་བསྡད་དོ།"

13 ༡༣་ །ཁོ་མཉམ་ཡ༷་ཧུ་དཱ་པ་གཞན་རྣམས་ཀྱང་མགོ་འཁོར་བ་མ་ཟད་བ༷ར་ན་བཱ་འང་དེ་ཚོའི་མགོ་སྐོར་གྱིས་སླུ་ཞིང་ཁྲིད་དོ།"

14 ༡༤་ །འཕྲིན་བཟང་གི་བདེན་པ་དང་བསྟུན་ཏེ་མི་སྤྱོད་པ་མཐོང་བའི་ཚེ། ངས་ཐམས་ཅད་ཀྱི་མདུན་དུ་པེ༷་ཏྲོ་ལ་འདི་སྐད་དུ། ཁྱེད་ཡ༷་ཧུ་དཱ་པ་ཡིན་བཞིན་ཡ༷་ཧུ་དཱ་པའི་ཚུལ་ཁྲིམས་སྤངས་ནས་སྤུན་གཞན་ལྟར་སྤྱོད་པའི་འོག་ཏུ། སྤུན་དེ་ལ་ཡ༷་ཧུ་དཱ་པའི་ཚུལ་སྲུང་བར་ཨུ་ཚུགས་བྱེད་པ་དེ་ཅི་ཡིན་སྨྲས་སོ།།"

15 ༡༥་ །ང་ཚོ་ལྷ་ཆོས་པ་སྡིག་ཅན་མིན་པར། སྐྱེས་པ་ནས་ཡ༷་ཧུ་དཱ་པ་ཡིན་ཀྱང་།"

16 ༡༦་ བཀའ་ཁྲིམས་ཀྱི་ལས་ཀྱིས་དྲང་པོར་མ་འགྱུར་ཞིང་། མ་ཤི་ཀ་ཡེ་ཤུའི་དད་པའི་སྒོ་ནས་ཐར་བར་ཤེས་སོ། །བཀའ་ཁྲིམས་ཀྱི་ལས་ཀྱི་སྒོ་ནས་སུའང་མི་ཐར་བས། ལས་ཀྱིས་མིན་ཏེ་མ་ཤི་ཀ་ལ་དད་པས་ཐར་བའི་ཕྱིར། ང་ཚོས་མ་ཤི་ཀ་ཡེ་ཤུ་ལ་དད་པ་བྱེད་དོ།"

17 ༡༧་ །ད་ང་ཚོ་མ་ཤི་ཀའི་སྒོ་ནས་ཐར་པ་བཙལ་བ་རྣམས་སྡིག་ཅན་ལ་འཐོན་ན། མ་ཤི་ཀ་སྡིག་པ་བྱེད་འཇུག་མཁན་ཡིན་ནམ། དེ་མི་སྲིད།"

18 ༡༨་ གལ་ཏེ་ངས་བཤིག་པའི་ཁྲིམས་ཡང་སྐྱར་འཛུག་ན། ང་རང་འཕྱུགས་པ་ཡིན་པར་གསལ་ལོ།"

19 ༡༩་ །ང་ནི་བཀའ་ཁྲིམས་ཀྱི་སྒོ་ནས་བཀའ་ཁྲིམས་ལ་ལྟ་སྟེ་ཤི་བས། ཨེ་ལོ་ཧིམ་དང་མཉམ་དུ་གསོན་ནོ། །མ་ཤི་ཀ་དང་མཉམ་དུ་རྒྱང་ཤིང་ལ་ཤི་བས།"

20 ༢༠་ ད་ང་རང་མི་འཚོ་ཡི། མ་ཤི་ཀ་ངའི་ནང་དུ་འཚོའོ། །ད་འཇིག་རྟེན་ནང་འཚོ་ཡང་། ང་ལ་བྱམས་ཤིང་ངའི་དོན་དུ་སྐུ་སྲོག་གནང་བའི་ཨེ་ལོ་ཧིམ་གྱི་སྲས་ལ་དད་པས་འཚོའོ།"

21 ༢༡་ །ཨེ་ལོ་ཧིམ་གྱི་ཐུགས་རྗེ་ནི་ངས་མི་འདོར། བཀའ་ཁྲིམས་ཀྱི་སྒོ་ནས་ཐར་པ་བྱུང་ན། མ་ཤི་ཀ་དོན་མེད་དུ་གྲོངས་པ་ཡིན་ནོ།། །།"

3

1 ༡་ །ག༷་ལད་ཡཱ་པ་བླུན་པོ་ཁྱེད་ཚོ་སུས་བསླུས། ཁྱེད་ཚོའི་མིག་གི་མདུན་དུ་རྒྱང་ཤིང་ལ་གྲོངས་པའི་ཡེ་ཤུ་མ་ཤི་ཀ་གསལ་པོར་མ་བཤད་དམ།"

2 ༢་ ངས་ཁྱེད་ཚོར་དྲི་བ་འདི་འབའ་ཞིག་འདྲི། དམ་པའི་རུ་ཨག་ནི་བཀའ་ཁྲིམས་ཀྱི་ལས་ཀྱི་སྒོ་ནས་ཐོབ་བམ། དད་པ་སྐྱེད་པའི་འཕྲིན་གྱི་སྒོ་ནས་ཐོབ།"

3 ༣་ སྔར་དམ་པའི་རུ་ཨག་ལས་མགོ་བཙུགས་ཏེ། ད་འཇིག་རྟེན་པའི་ལུགས་སུ་མཇུག་རྫོགས་པའི་བླུན་པོ་ཡིན་ནམ།"

4 ༤་ དེ་ལྟ་བུའི་བྱིན་རླབས་དོན་མེད་དུ་ཐོབ་བམ། དོན་མེད་དུ་ཐོབ་བདེན་ནམ་ཅི།"

5 ༥་ ཁྱེད་ཚོར་དམ་པའི་རུ་ཨག་གནང་བ་དང་། ཁྱེད་ཚོའི་དཀྱིལ་དུ་ལྟས་མཛད་པ་དེ་བཀའ་ཁྲིམས་ཀྱི་ལས་ཀྱི་སྒོ་ནས་ལགས་སམ། ཡང་ན་དད་པ་སྐྱེད་པའི་འཕྲིན་གྱི་སྒོ་ནས་ལགས།"

6 ༦་ དེ་ལྟར་ཨ༷བ་ར་ཧམ་གྱིས་ཨེ་ལོ་ཧིམ་ལ་དད་པ་བྱས་པས། དེ་ནི་ཁོའི་ཕྱིར་ཐར་པའི་རྒྱུར་བརྩིས་སོ།"

7 ༧་ །དད་པ་བྱེད་ཚད་ཨ༷བ་ར་ཧམ་གྱི་བུ་ཡིན་པ་ཤེས་ཤིག"

8 ༨་ །དད་པའི་སྒོ་ནས་ཨེ་ལོ་ཧིམ་གྱིས་ཧེ༷་ལན་པའང་སྒྲོལ་བར་འགྱུར་བ་ནི་སྔོན་དུ་མཁྱེན་ཞིང་། བི༷་བལ་གྱིས་ཨ༷བ་ར་ཧམ་ལ། ཁྱོད་ཀྱི་ཐབས་ཀྱིས་མི་བརྒྱུད་ཐམས་ཅད་བྱིན་གྱིས་རློབ་པར་འགྱུར་ཞེས་པའི་འཕྲིན་བཟང་པོ་སྔོན་དུ་གསུངས་པས།"

9 ༩་ དད་ལྡན་ཨ༷བ་ར་ཧམ་དང་ལྷན་ཅིག་དུ་དད་པ་བྱེད་ཚད་བྱིན་གྱིས་བརླབས་པ་ཡིན་ནོ།"

10 ༡༠་ །བི༷་བལ་ན་འདི་སྐད་དུ། བཀའ་ཁྲིམས་ཀྱི་མདོ་ནང་ཡོད་པ་ཐམས་ཅད་སྒྲུབ་ཅིང་མི་གནས་པ་དེ་དམོད་པར་ཕོག་ཡིན། ཞེས་བྲིས་ཡོད་པས། བཀའ་ཁྲིམས་ཀྱི་ལས་ལ་རྟེན་ཚད་དམོད་མོའི་འོག་ཏུ་ཡོད་དོ།"

11 ༡༡་ །དྲང་པོ་དད་པས་འཚོ་བར་འགྱུར་ཞེས་བྲིས་པ་ལྟར། ཨེ་ལོ་ཧིམ་གྱི་གཟིགས་ངོར་བཀའ་ཁྲིམས་ཀྱི་ཐབས་ཀྱིས་སུའང་མི་ཐར་བ་གསལ་ལོ།"

12 ༡༢་ །བཀའ་ཁྲིམས་སྒྲུབ་མཁན་ནི་དེ་ཡིས་འཚོ་བར་འགྱུར་བས། བཀའ་ཁྲིམས་དད་པ་ལ་མི་རྟེན་ནོ།"

13 ༡༣་ །ཤིང་ཁར་འཕྱར་ལ་བཏང་བ་དེ་དམོད་པར་བྱས་སོ་ཞེས་མདོ་ན་བྲིས་པ་ལྟར་ང་ཚོའི་ཚབ་ཏུ་མ་ཤི་ཀ་དམོད་པར་ཕོག་པས། བཀའ་ཁྲིམས་ཀྱི་དམོད་པ་ལས་ང་ཚོ་རིན་གྱིས་བླུས་པ་ཡིན་ནོ།"

14 ༡༤་ །དེའི་དོན་ནི། ཨ༷བ་ར་ཧམ་ལ་གནང་བའི་བྱིན་རླབས་དེ་མ་ཤི་ཀ་ཡེ་ཤུའི་ཐབས་ཀྱིས་ཨེ་ལོ་ཧིམ་ངོ་མ་ཤེས་པ་རྣམས་ལའང་བབས་ཤིང་། ཞལ་ཆད་མཛད་པའི་དམ་པའི་རུ་ཨག་དེ་དད་པའི་སྒོ་ནས་ང་ཚོ་ལ་ཐོབ་པའི་ཕྱིར་རོ།"

15 ༡༥་ །ཀྱེ་སྤུན་རྣམས། དཔེ་ཞིག་འཆད་ན། མི་ཞིག་གི་ཁ་ཆེམས་ལ་ཐེ་ཙེ་བརྒྱབས་ཟིན་ནས། འཇིག་ཀྱང་མི་ཆོག །སྣོན་ཡང་མི་ཆོག་གོ"

16 ༡༦་ །དེའང་ཞལ་ཆད་རྣམས་ཨ༷བ་ར་ཧམ་དང་ཁོང་གི་སྲས་ལ་གནང་བ་ཡིན། མདོར་ན་སྲས་རྣམས་ཞེས་སྲས་མང་པོ་ཡིན་པ་མི་སྟོན་པར། ཁྱེད་ཀྱི་སྲས་ཞེས་གཅིག་ཡིན་པ་སྟོན་ཞིང་བྲིས་ཡོད་དེ། གཅིག་པོ་དེ་ནི་མ་ཤི་ཀའོ།"

17 ༡༧་ །ངའི་དོན་ནི་ཨེ་ལོ་ཧིམ་གྱིས་སྔར་ཕྱག་རྒྱ་བཏབས་པའི་བཀའ་ཆེམས་དེ་ནི་ལོ་བཞི་བརྒྱ་དང་སུམ་ཅུའི་རྗེས་སུ་བྱུང་བའི་བཀའ་ཁྲིམས་ཀྱིས་འཇིག་མི་ནུས། ཞལ་ཆད་ཀྱང་མེད་པར་བྱེད་མི་ནུས་སོ།"

18 ༡༨་ །གལ་ཏེ་བཀའ་ཁྲིམས་ཀྱི་སྒོ་ནས་ནོར་སྐལ་ཐོབ་ན། ཞལ་ཆད་མི་ཕན་ནོ། །འོན་ཀྱང་ཨེ་ལོ་ཧིམ་གིས་ཞལ་ཆད་ཀྱི་སྒོ་ནས་ཨ༷བ་ར་ཧམ་ལ་ཐུགས་རྗེ་མཛད་དོ།།"

19 ༡༩་ །དེ་ནས་བཀའ་ཁྲིམས་ཅིའི་ཕྱིར་ཡིན་ཞེ་ན། བཀའ་ཁྲིམས་ནི་ཞལ་ཆད་མཛད་པའི་སྲས་དེ་ཕེབས་པའི་བར་དུ་ཨ༷ན་ཇལ་གྱིས་བར་མི་ཞིག་རྒྱུད་ནས་གཏན་ལ་ཕབ་ཅིང་། དེས་ཉེས་སྐྱོན་རྣམས་སྟོན་པའི་ཕྱིར་རོ།"

20 ༢༠་ །ཨེ་ལོ་ཧིམ་ནི་གཅིག་ལགས་ཀྱང་། བར་མི་ནི་གཅིག་ལས་མང་བའི་དོན་ནོ།"

21 ༢༡་ །བཀའ་ཁྲིམས་ཀྱིས་ཨེ་ལོ་ཧིམ་གྱི་ཞལ་ཆད་ལ་རྒོལ་ལམ། དེ་མི་སྲིད། །གལ་ཏེ་བཀའ་ཁྲིམས་ལ་གསོན་པོར་བྱེད་པའི་ནུས་པ་གནང་བ་ཡིན་ན། བཀའ་ཁྲིམས་ལས་ཐར་པ་བྱུང་བ་ཡིན།"

22 ༢༢་ འོན་ཀྱང་ཡེ་ཤུ་མ་ཤི་ཀ་ལ་དད་པའི་སྒོ་ནས་དད་པ་ཅན་ལ་ཞལ་ཆད་འགྲུབ་པའི་དོན་དུ། བི༷་བལ་གྱིས་སྡིག་པའི་ཁོངས་སུ་ཐམས་ཅད་བཅུག་གོ།"

23 ༢༣་ །དད་པ་མ་གྲུབ་པའི་སྔོན་དུ། དད་པ་དེ་མངོན་པའི་བར་ལ་ང་ཚོ་བཀའ་ཁྲིམས་ཀྱི་དགག་བྱའི་འོག་ཏུ་བཅུག་ནས།"

24 ༢༤་ མ་ཤི་ཀ་མ་བྱོན་པའི་བར་དུ་བཀའ་ཁྲིམས་ང་ཚོས་དགེ་རྒན་དེ་ཡིན་པ་ལས། མ་ཤི་ཀ་ལ་དད་པས་ཐར་བ་ཡིན་ནོ།"

25 ༢༥་ །ད་དད་པ་དེ་མངོན་པས་ང་ཚོ་ད་དགེ་རྒན་གྱི་འོག་ཏུ་མེད།"

26 ༢༦་ ཁྱེད་ཚོ་ཐམས་ཅད་ཀྱིས་ཀྱང་མ་ཤི་ཀ་ཡེ་ཤུ་ལ་དད་པས། ཨེ་ལོ་ཧིམ་གྱི་སྲས་ཡིན།"

27 ༢༧་ མ་ཤི་ཀའི་བ༷བ་ཐི་སོ་ཐོབ་ཚད་མ་ཤི་ཀ་དང་ལྡན་ནོ།"

28 ༢༨་ །ད་ཡ༷་ཧུ་ཏཱ་པའམ་ཧེ༷་ལེན་པ། ཉོས་མིའམ་ཉོས་མི་མིན་པ། སྐྱེས་པའམ་སྐྱེ་དམན་ཞེས་བྱ་བ་མེད་པར། མ་ཤི་ཀ་ཡེ་ཤུའི་རྐྱེས་གྱིས་ཁྱེད་ཐམས་ཅད་གཅིག་ཡིན།"

29 ༢༩་ ཁྱེད་ཚོ་མ་ཤི་ཀའི་ཡིན་པས། ཨ༷བ་ར་ཧམ་གྱི་བུ་བརྒྱུད་དང་། ཞལ་ཆད་དང་བསྟུན་ཏེ་བརྒྱུད་འཛིན་ཡིན་ནོ།། །།"

4

1 ༡་ །ངས་ཟེར་དོན་ནི། བརྒྱུད་འཛིན་ཞིག་ནོར་རྫས་ཐམས་ཅད་ཀྱི་བདག་པོ་ཡིན་ཀྱང་། བྱིས་པ་ཡིན་རིང་དུ་གཡོག་པོ་དང་ཁྱད་པར་མེད་དོ།"

2 ༢་ །ཕས་བསྐོས་པའི་དུས་ཀྱི་བར་དུ་སྐྱོང་མཁན་དང་གཉེར་པའི་འོག་ཏུ་ལུས་སོ།"

3 ༣་ །དེ་བཞིན་དུ་ང་ཚོའང་བྱིས་པ་ཡིན་རིང་སྲིད་པའི་ལྷ་རྣམས་ཀྱི་གཡོག་པོ་བྱས་ཀྱང་།"

4 ༤་ དུས་རན་པ་དང་ཨེ་ལོ་ཧིམ་གྱིས་ཉིད་ཀྱི་སྲས་མངགས་ནས།"

5 ༥་ བཀའ་ཁྲིམས་ཀྱི་འོག་ཏུ་ཡོད་པ་ང་ཚོ་ཐར་བར་མཛད་ཅིང་། སྲས་སུ་མཛད་པའི་ཕྱིར། བུད་མེད་ལ་བལྟམས་ཤིང་། བཀའ་ཁྲིམས་ཀྱི་འོག་ཏུ་འཁྲུངས་སོ།"

6 ༦་ །ཁྱེད་རྣམས་སྲས་སུ་གྱུར་པས། ཨེ་ལོ་ཧིམ་གྱིས་ཉིད་ཀྱི་སྲས་ཀྱི་རུ་ཨག་ཁྱེད་ཚོའི་སྙིང་དུ་གནང་ཏེ། ཨ༷བ་བ་ཡབ་ཅེས་འབོད་དོ།"

7 ༧་ །དེའི་ཕྱིར་ད་ནས་ཕྱིན་ཁྱེད་ཚོ་ཚེ་གཡོག་མ་ཡིན་སྲས་ཡིན་ནོ། །སྲས་ཡིན་ན་ཨེ་ལོ་ཧིམ་གྱི་ངང་ནས་བརྒྱུད་འཛིན་ཡང་ཡིན་ནོ།།"

8 ༨་ །སྔོན་ཁྱེད་ཚོས་ཨེ་ལོ་ཧིམ་མ་ཤེས་པའི་ཚེ། ཨེ་ལོ་ཧིམ་མ་ཡིན་པའི་ལྷ་རྣམས་ཀྱི་གཡོག་བྱས་སོ།"

9 ༩་ །ད་ལྟ་ཁྱེད་ཚོས་ཨེ་ལོ་ཧིམ་ཤེས་པ་མ་ཟད། ཨེ་ལོ་ཧིམ་གྱིས་ཁྱེད་ཚོ་མཁྱེན་ཏེ། སླར་མཐུ་དང་དཔལ་བརྗིད་མེད་པའི་སྲིད་པའི་ལྷའི་ཕྱོགས་སུ་ལོག་འགྲོ་ཞིང་། དེ་ཚོའི་གཡོག་བྱེད་པར་ཇི་ལྟར་འདོད།"

10 ༡༠་ ཁྱེད་ཚོས་ད་དུང་ཞག་དང་ཟླ་བ་དང་དུས་བཟང་དང་ལོ་རྩི་བས།"

11 ༡༡་ ངས་ཁྱེད་ཚོའི་ཕྱིར་དུ་འབད་རྩོལ་བྱས་པ་ཆུད་ཟོས་པར་དོགས་སོ།"

12 ༡༢་ །སྤུན་རྣམས། ང་ཁྱེད་ཚོ་དང་འདྲ་བར་གྱུར་པས། ཁྱེད་ཚོའང་ང་འདྲར་གྱུར་ཅིག་ཅེས་ཞུའོ། །ཁྱེད་ཚོས་ང་ལ་ལོག་པར་མ་བྱས།"

13 ༡༣་ སྔར་ང་གཟུགས་ན་བ་ལ་རྟེན་ནས་ཁྱེད་ཚོར་འཕྲིན་བཟང་བཤད་པ་ཁྱེད་ཚོས་ཤེས་སོ།"

14 ༡༤་ །ངའི་གཟུགས་པོའི་གནས་ལུགས་ཁྱེད་ཚོའི་ཕྱིར་ཚོད་ལྟར་གྱུར་ཀྱང་། ཁྱེད་ཚོས་ཞེན་མ་ལོག་ཅིང་མ་བརྙས་པར། ཨེ་ལོ་ཧིམ་གྱི་ཨ༷ན་ཇལ་དང་འདྲ་བ་མ་ཟད་ཡེ་ཤུ་མ་ཤི་ཀ་དང་འདྲར་བར་ང་ལ་བསུས་སོ།"

15 ༡༥་ །ད་ཁྱེད་ཚོའི་དགའ་སྤྲོ་དེ་གང་དུ་སོང་། དེ་ཙེ་ན་ཐུབ་ན་ཁྱེད་ཚོའི་མིག་ཀྱང་བཏོན་ནས་ངའི་ཕྱིར་བཏང་བ་ལ་ངས་དཔང་པོ་བྱེད་དོ།"

16 ༡༦་ །འོ་ན་ངས་བདེན་པ་སྨྲས་པས་དགྲ་བོར་གྱུར་ཏམ།"

17 ༡༧་ དེ་རྣམས་ཁྱེད་ཚོར་མཛའ་བ་ནི་བཟང་པོའི་ཕྱིར་མ་ཡིན་ཏེ། ཁྱེད་ཚོ་ཕྱེས་པས་ཁོང་ལ་མཛའ་དགོས་པའི་ཕྱིར་ཡིན།"

18 ༡༨་ དོན་བཟང་པོ་ཞིག་གི་ཕྱིར་མཛའ་བ་ནི་རྟག་ཏུ་ལེགས་ཏེ། ང་ཁྱེད་ཚོའི་རྩར་མཛའ་བས་ཅི།"

19 ༡༩་ ངའི་བུ་རྣམས། ཁྱེད་ཚོ་མ་ཤི་ཀ་དང་ལྡན་པའི་བར་དུ་ང་ཡང་སྐྱར་ཟུག་རྡུས་རྡུང་ངོ་།"

20 ༢༠་ །ཁྱེད་ཚོའི་ཕྱིར་ཅི་བྱ་མི་ཤས་པས། ད་ལྟ་རང་ཁྱེད་ཚོའི་རྩར་ཡོད་དེ་ངའི་སྐད་གདངས་སྒྱུར་ན་དགའ་བ་ལ།།"

21 ༢༡་ །བཀའ་ཁྲིམས་ཀྱི་འོག་ཏུ་གནས་པར་འདོད་པ་ཁྱེད་ཚོས་བཀའ་ཁྲིམས་མ་ཐོས་སམ། ང་ལ་ཤོད་ཅིག"

22 ༢༢་ །ཨ༷བ་ར་ཧམ་ལ་བུ་གཉིས་ཡོད་དེ། གཅིག་གཡོག་མོ་ལས་ཆད། གཅིག་དཔོན་མོ་ལས་ཆད་ཅེས་བྲིས་འདུག"

23 ༢༣་ །གཡོག་མོའི་བུ་འཇིག་རྟེན་གྱི་ལུགས་སུ་སྐྱེས། དཔོན་མོའི་བུ་ཞལ་ཆད་བཞིན་དུ་སྐྱེས་སོ།"

24 ༢༤་ །དེ་ནི་དཔེ་ཞིག་ཡིན་ཏེ། བུད་མེད་གཉིས་པོ་ཞལ་ཆད་གཉིས་པོ་ཡིན། རི་བོ་སི༷་ནཱ་ནས་བྱུང་བའི་ཞལ་ཆད་ནི་ཚེ་གཡོག་སྐྱེད་པའི་ཆུང་མ་ཧ༷་གར་མཚོན།"

25 ༢༥་ ཧ༷་གར་ནི་ཨ༷་རབ་ཡུལ་གྱི་རི་སི༷་ནཱ་མཚོན། བུ་རྣམས་དང་བཅས་པ་ཚེ་གཡོག་ཡིན་པས། ད་ལྟའི་ཡི༷་རུ་ཤ་ལེམ་མཚོན་ནོ།"

26 ༢༦་ །སྟེང་གི་ཡེ༷་རུ་ཤ་ལེམ་ནི་གཡོག་མོ་མིན་ཏེ། ང་ཚོའི་ཨ་མ་ཡིན་ནོ།"

27 ༢༧་ །མདོ་ན། །བུ་མེད་མོ་གཤམ་དགའ་མགུ་རངས། །སྐྱེ་ཟུག་མེད་པས་ཀུ་ཐེགས་ཤིག །ཁྱོ་བོ་ཡོད་པའི་བུད་མེད་ལས། །སྤངས་པ་དེ་ལ་བུ་ཕྲུག་མང་། ཞེས་བྲིས་སོ།"

28 ༢༨་ །སྤུན་རྣམས། ང་ཚོ་ནི་ཨི༷་སག་ལྟར་ཞལ་ཆད་ཀྱི་བུ་ཡིན།"

29 ༢༩་ ཇི་ལྟར་དེ་ཙ་ན་འཇིག་རྟེན་གྱི་ལུགས་སུ་སྐྱེས་པ་དེས་དམ་པའི་རུ་ཨག་ཀྱི་ལུགས་སུ་སྐྱེས་པ་ལ་བཙེས་པ་ལྟར། ད་ལྟ་འང་དེ་བཞིན་ནོ།"

30 ༣༠་ །བི༷་བལ་གྱིས་ཇི་གསུང་ཞེ་ན། གཡོག་མོའི་བུ་ལ་དཔོན་མོའི་བུ་དང་མཉམ་དུ་ནོར་སྐལ་ཐོབ་མི་རུང་བས། གཡོག་མོ་དང་དེའི་བུ་སྐྲོད་ཅིག་ཅེས་གསུངས་སོ།"

31 ༣༡་ །མདོར་ན་སྤུན་རྣམས། ང་ཚོ་གཡོག་མོའི་བུ་མ་ཡིན་གྱི། དཔོན་མོའི་བུ་ཡིན་ནོ།། །།"

5

1 ༡་ །རང་དབང་དུ་གནས་པའི་ཕྱིར་མ་ཤི་ཀས་ངེད་ཐར་བར་མཛད་པས། ཡང་སྐྱར་གཞན་དབང་གི་ཚེ་གཡོག་ཏུ་མི་འགྲོ་བར་བརྟན་པོར་གནས་ཤིག"

2 ༢་ །ཡ༷་ཧུ་དཱ་པའི་རྟགས་ལེན་ན། མ་ཤི་ཀ་ཁྱེད་ཚོར་ཅིའང་མི་ཕན་ནོ་ཞེས་ང་པ༷འུ་ལུས་སྨྲའོ།"

3 ༣་ །རྟགས་ལེན་པ་ཐམས་ཅད་ལ། བཀའ་ཁྲིམས་ཧྲིལ་པོ་སྲུང་བའི་རིགས་སོ་ཞེས་ངས་སླར་ཡང་ལན་བརྡ་གཏོང་ངོ་།"

4 ༤་ །བཀའ་ཁྲིམས་ཀྱི་ཐབས་ཀྱིས་རྣམ་དག་འགྱུར་བར་འདོད་པ་ཁྱེད་ཚོ་མ་ཤི་ཀ་དང་བྲས་ནས་ཐུགས་རྗེ་ལས་འདས་པ་ཡིན།"

5 ༥་ ང་ཚོ་ནི་དམ་པའི་རུ་ཨག་གྱི་ངང་ལས་དད་པའི་ཐབས་ཀྱིས་ཐར་པའི་རེ་བས་སྒུག་གོ"

6 ༦་ །མ་ཤི་ཀ་པ་ལ་བྱམས་པས་རྩོམ་པའི་དད་པ་འབའ་ཞིག་ལས། རྟགས་དང་ལྡན་མི་ལྡན་གང་གིས་ཀྱང་མི་ཕན་ནོ།"

7 ༧་ །ཁྱེད་ཚོས་བདེན་པའི་བཀར་ཉན་པས་བང་རྒྱུགས་ལེགས་པར་བྱེད་ཅིང་ཡོད་པ་ལས་སུས་བཀག"

8 ༨་ །འདི་ནི་ཁྱེད་ཚོ་བོས་པ་ཁོང་གི་སྐུལ་མ་མིན།"

9 ༩་ སྐྱུར་རྩི་ཅུང་ཟད་ཅིག་གིས་བག་ཟན་ཧྲིལ་པོར་སྐྱུར་ལང་ངོ་།"

10 ༡༠་ །ཁྱེད་ཚོས་ངའི་ལྟ་བ་ལས་གཞན་མི་ལེན་པའི་ང་ལ་ཀྱུ་རི་བོས་བློ་གདེང་གནང་ངོ་། །ཁྱེད་ཚོ་བཀྲུག་པ་སུ་ཡིན་རུང་དེ་ལ་ཆད་པ་ཕོག་འོས་སོ།"

11 ༡༡་ །སྤུན་རྣམས། ང་ཡང་ངས་ཡ༷་ཧུ་དཱ་པའི་རྟགས་ཀྱི་སྐོར་བཤད་པ་ཡིན་ན། བསླུ་རྡོ་ཡིན་པའི་རྒྱང་ཤིང་མེད་པར་བྱས་པས། ཅིའི་ཕྱིར་ད་བར་དུ་ངས་འཚེ་བ་མྱོང་།"

12 ༡༢་ ཁྱེད་ཚོ་བཀྲུག་པ་རྣམས་ཀྱི་རང་གི་ཡན་ལག་གཅོད་ན་ཅི་མ་རུང་།།"

13 ༡༣་ །སྤུན་རྣམས། ཁྱེད་རྣམས་རང་དབང་ལ་བོས་པས། བདག་འཛིན་ལ་སྐབས་མ་བཏང་བར། བྱམས་པའི་སྒོ་ནས་གཅིག་གིས་གཅིག་ལ་གཡོག་བྱོས་ཤིག"

14 ༡༤་ །རང་དང་འདྲ་བར་ཁྱིམ་མཚེས་ལ་བྱམས་པར་བྱོས་ཤིག་ཅེས་པའི་བཀའ་གཅིག་སྒྲུབ་པའི་སྒོ་ནས་བཀའ་ཁྲིམས་ཧྲིལ་པོ་སྒྲུབ་བོ།"

15 ༡༥་ །ཕན་ཚུན་རྨུག་ཅིང་ཟ་བ་རྣམས། གཅིག་གིས་གཅིག་ལ་མེད་པར་མི་བྱ་བའི་ཕྱིར་ཟོན་བྱོས་ཤིག།"

16 ༡༦་ །དམ་པའི་རུ་ཨག་དང་བསྟུན་ཏེ་འགྲུལ་ཞིང་། བདག་འཛིན་གྱི་འདོད་པ་མ་སྒྲུབ་ཅིག་ཅེས་ངས་ཟེར།"

17 ༡༧་ བདག་འཛིན་གྱི་འདོད་པས་རུ་ཨག་ལ་རྒོལ་ཞིང་། རུ་ཨག་གྱིས་བདག་འཛིན་ལ་རྒོལ་ལོ། །དེ་གཉིས་མི་མཐུན་པས། དགོས་པ་དེ་ཁྱེད་ཚོས་བྱེད་མི་ཐུབ་བོ།"

18 ༡༨་ །རུ་ཨག་གིས་ཁྱེད་འཁྲིད་པར་མཛད་ན། བཀའ་ཁྲིམས་ཀྱི་འོག་ན་མེད་དོ།"

19 ༡༩་ །བདག་འཛིན་གྱི་ལས་རྣམས་གསལ་ཞིང་། འདོད་ལོག་དང་། མི་ཚངས་པ་དང་། བག་མེད་སྤྱོད་པ་དང་།"

20 ༢༠་ སྐུ་འདྲ་ལ་རྟེན་པ་དང་། ངན་སྔགས་དང་། འཁོན་སེམས་དང་། རྩོད་པ་དང་། ཕྲག་དོག་དང་། ཁྲོ་བ་དང་། རང་འདོད་དང་། དབྱེན་བྱེད་པ་དང་། ལྟ་བའི་འཁོན་དང་།"

21 ༢༡་ འགྲན་སེམས་དང་། ར་བཟི་བ་དང་། བག་མེད་པར་ཟ་བ་ལ་སོགས་པའོ། །དེ་ལྟར་སྤྱོད་པ་རྣམས་ལ་ཨེ་ལོ་ཧིམ་གྱི་རྒྱལ་སྲིད་ཀྱི་ནོར་སྐལ་མི་ཐོབ་ཅེས་ངས་སྔོན་ལའང་སྨྲས་པ་ཡིན་དའང་སྨྲའོ།"

22 ༢༢་ །དམ་པའི་རུ་ཨག་གི་འབྲས་བུ་ནི། བྱམས་པ་དང་། དགའ་སྤྲོ་དང་། ཞི་བདེ་དང་། ཐེག་པ་དང་། སྙིང་རྗེ་དང་། བཟང་པོ་དང་། ཕྱི་ཐག་རིང་བ་དང་།"

23 ༢༣་ དུལ་པོ་དང་། བཙུན་པ་ཡིན་ཏེ། འདི་དང་མི་མཐུན་པའི་བཀའ་ཁྲིམས་མེད།"

24 ༢༤་ མ་ཤི་ཀའི་ཡིན་པ་རྣམས་ཀྱི་བདག་འཛིན་ནི་དེའི་ཞེན་པ་དང་འདོད་པ་བཅས་རྒྱང་ཤིང་ལ་བསད་པ་ཡིན་ནོ།"

25 ༢༥་ །ང་ཚོ་རུ་ཨག་གྱི་སྟབས་ཀྱིས་གསོན་ན། རུ་ཨག་དང་བསྟུན་ཏེ་སྤྱོད་ཀྱང་དགོས།"

26 ༢༦་ ངོམ་སེམས་དང་། ཕན་ཚུན་བཀྲུག་སེམས་དང་། འགྲན་སེམས་མ་བྱེད་ཅིག། །།"

6

1 ༡་ །སྤུན་རྣམས། མི་ཞིག་གིས་ཉེས་པ་བྱེད་ན། ཐུགས་ཉིད་དང་ལྡན་པ་ཁྱེད་ཀྱིས་འཇམ་པོའི་ངང་ནས་མི་དེ་ལམ་དྲང་པོར་ཁྲིད་ཅིག རང་ཡང་སླུ་བར་མི་འགྱུར་བའི་ཕྱིར་ཟོན་བྱོས་ཤིག"

2 ༢་ །གཅིག་གིས་གཅིག་གི་ཁུར་ཁུར་ཞིག །དེ་ལྟར་མ་ཤི་ཀའི་བཀའ་ཁྲིམས་སྒྲུབ་བོ།"

3 ༣་ །མི་ཞིག་ཅིའང་མ་ཡིན་པར། རང་ཅི་ཞིག་ཡིན་སེམས་ན། རང་མགོ་སྐོར་རོ།"

4 ༤་ །རེ་རེས་རང་གི་ལས་ལ་ལྟོས་ཤིག"

5 ༥་ །རེ་རེས་རང་གི་ཁུར་འཁུར་དགོས་པས་རང་རློམ་ན་མ་གཏོགས་གཞན་གྱི་མདུན་དུ་རློམ་པའི་རྒྱུ་མི་འདུག"

6 ༦་ །བཀའ་ཡི་སློབ་མས་བཟང་པོ་ཐམས་ཅད་སློབ་དཔོན་དང་མཉམ་བགོས་ཀྱིས་ཟོ་ཞིག"

7 ༧་ །རང་མགོ་རང་གིས་མ་སྐོར་ཞིག །ཨེ་ལོ་ཧིམ་ནི་འཕྱ་བར་མི་རུང་། མིས་ཇི་བཏབ་པ་དེ་རྔ་བར་འགྱུར།"

8 ༨་ སུས་བདག་འཛིན་འདེབས་ན། བདག་འཛིན་ནས་སྟོངས་པར་འགྱུར་བ་བརྙེད། སུས་དམ་པའི་རུ་ཨག་འདེབས་ན། དམ་པའི་རུ་ཨག་ནས་མི་ཚེ་རྒྱུན་དུ་པ་བརྙེད།"

9 ༩་ བཟང་པོ་བྱེད་པ་ལ་མ་ངལ་ཞིག། །ཐང་མི་ཆད་ན་དུས་ཀྱི་ཁར་འབྲས་བུ་བརྙེད་དོ།"

10 ༡༠་ །དེ་ལྟ་སྐབས་ཡོད་པས། མི་ཐམས་ཅད་དང་ཁྱད་པར་དུ་དད་པའི་ཁྱིམ་ཚང་ལ་དགེ་བར་བྱོས་ཤིག།"

11 ༡༡་ །ང་རང་གི་ལག་པས་ཁྱེད་ཚོར་བྲིས་པའི་ཡི་གེ་སྦོམ་པོ་འདི་ལ་སྟོས་ཞིག"

12 ༡༢་ །འཇིག་རྟེན་ནང་འདྲ་འཆགས་པོ་སྟོན་པར་འདོད་པ་རྣམས་ཀྱིས་ཁྱེད་ཚོར་ཡ༷་ཧུ་དཱ་པའི་རྟགས་ལེན་ཕྱིར་ཨུ་ཚུགས་བྱེད་པའི་རྒྱུ། མ་ཤི་ཀའི་རྒྱང་ཤིང་གིས་རྐྱེན་ཏེ་འཚེ་བ་མི་མྱོང་བའི་ཕྱིར་དུའོ།"

13 ༡༣་ །རྟགས་དང་ལྡན་པ་ཁོང་རང་གིས་བཀའ་ཁྲིམས་མི་སྲུང་གིས། ཁྱེད་ཚོའང་རྟགས་དང་ལྡན་ཞེས་ངོམ་པའི་དོན་དུ་དེ་ལྟར་བྱེད་པར་འདོད་དོ།"

14 ༡༤་ །ང་རང་ལ་མ་ཤི་ཀའི་རྒྱང་ཤིང་མ་གཏོགས་པར་ངོམ་རྒྱུ་ཅིའང་མི་འབྱུང་བར་ཤོག་ཅིག །ཁོང་གི་སྒོ་ནས་ངའི་ཕྱིར་འཇིག་རྟེན་དང་འཇིག་རྟེན་གྱི་ཕྱིར་ང་རྒྱང་ཤིང་ཁར་ཤི་བ་ཡིན།"

15 ༡༥་ གསར་དུ་སྐྱེས་པ་མ་གཏོགས། རྟགས་དང་ལྡན་པ་དང་མི་ལྡན་པ་ཅིའང་མ་ཡིན་ནོ།"

16 ༡༦་ །ཚུལ་ཁྲིམས་དེ་བཞིན་དུ་སྤྱོད་མཁན་ཐམས་ཅད་དང་། ཨེ་ལོ་ཧིམ་གྱི་མི་སྡེ་ལ་ཞི་བདེ་དང་ཐུགས་རྗེ་འབབ་པར་ཤོག་ཅིག"

17 ༡༧་ །ངའི་ལུས་ཀྱི་ཁར་ཡེ་ཤུའི་གཟེར་གྱི་རྟགས་ཁྱེར་ཡོད་པས། ཕྱིན་ཆད་སུས་ཀྱང་ང་ལ་མ་འཚེ་ཞིག"

18 ༡༨་ །རང་ཅག་གི་ཀྱུ་རི་བོ་ཡེ་ཤུ་མ་ཤི་ཀའི་ཐུགས་རྗེ་ཁྱེད་སྤུན་རྣམས་ཀྱི་སེམས་དང་མཉམ་དུ་བཞུགས་པར་ཤོག་ཅིག །ཨ་མེན།། །།"