1 ༡་ སྲོག་གི་བཀའ། གང་ཐོག་མ་ནས་ཡོད།"
2 ༢་ ང་ཚོས་ཐོས། མིག་གིས་མཐོང་། གང་ལ་བལྟས་ཤིང་ལག་པས་རེག་པ་དེ་མངོན་པར་བྱུང་ནས་ང་ཚོས་མཇལ་ཏེ་ཁོང་ལ་དཔང་བྱེད་ཅིང་། ཡབ་དང་མཉམ་དུ་བཞུགས་པའི་མི་ཚེ་རྒྱུན་དུ་པ་ང་ཚོ་ལ་མངོན་པ་དེའི་འཕྲིན་ཁྱེད་ལ་འཆད་དོ།"
3 ༣་ །ཡབ་དང་ཁོང་གི་སྲས་ཡེ་ཤུ་མ་ཤི་ཀ་དང་མཉམ་དུ་ང་ཚོ་འགྲོགས་པས། ཁྱེད་ཚོའང་ང་ཚོ་མཉམ་དུ་འགྲོགས་ཕྱིར། ཅི་མཐོང་བ་དང་ཐོས་པ་དེ་ཁྱེད་ལ་འཆད་དོ།"
4 ༤་ འདི་རྣམས་འབྲི་བའི་དོན་ནི་ང་ཚོའི་དགའ་སྤྲོ་རྫོགས་པའི་ཕྱིར་རོ།།"
5 ༥་ །ཁོང་ནས་ཐོས་ཏེ་ཁྱེད་ལ་སྒྲོག་པའི་འཕྲིན་འདི་ལྟ་སྟེ། ཨེ་ལོ་ཧིམ་ནི་འོད་ལགས་ཤིང་། ཁོང་ནང་མུན་པ་རྩ་བ་ནས་མེད།"
6 ༦་ གལ་ཏེ་ང་ཚོ་ཁོང་དང་འགྲོགས་སོ་ཟེར་ཞིང་མུན་པར་འགྲུལ་ན་རྫུན་ཟེར་ཞིང་དྲང་པོར་མི་འགྲུལ་ལོ།"
7 ༧་ །ཁོང་འོད་ཀྱི་ནང་བཞུགས་པ་ལྟར་ཇི་སྟེ་ང་ཚོའང་འོད་ནང་འགྲུལ་ན། ང་ཚོ་ཕན་ཚུན་འགྲོགས་པ་ཡིན་ཅིང་ཁོང་གི་སྲས་ཡེ་ཤུའི་སྐུ་ཁྲག་གིས་ང་ཚོའི་སྡིག་པ་ཐམས་ཅད་འདག་པར་མཛད་དོ།"
8 ༨་ །ང་ཚོ་སྡིག་མེད་ཡིན་ཟེར་ན། རང་མགོ་རང་གིས་སྐོར་ཏེ། ང་ཚོའི་ནང་ན་བདེན་པ་མེད་དོ།"
9 ༩་ །སྡིག་པ་མཐོལ་ན། ཁོང་འགྱུར་མེད། དང་དྲང་པོ་ལགས་པས། ང་ཚོའི་སྡིག་པ་སེལ་ཞིང་མི་རིགས་པ་ཐམས་ཅད་འདག་པར་མཛད་དོ།"
10 ༡༠་ །སྡིག་པ་མ་བྱས་ཟེར་ན། ང་ཚོས་ཁོང་རྫུན་པ་བྱེད་པས། ཁོང་གི་བཀའ་ང་ཚོའི་ནང་མེད་དོ།། །།"
1 ༡་ །ཕྲུ་གུ་རྣམས། ཁྱེད་ཚོས་སྡིག་པ་མི་བྱེད་པའི་ཕྱིར་ངས་འདི་འབྲིའོ། །གལ་ཏེ་སྡིག་པ་བྱེད་ན། ཡབ་ཀྱི་དྲུང་དུ་རོགས་མཛད་མཁན་ཡེ་ཤུ་མ་ཤི་ཀ་ཐུགས་དྲང་པོ་ལགས་པ་དེ་བཞུགས་ཡོད།"
2 ༢་ ཁོང་ནི་ང་ཚོའི་སྡིག་པའི་སྡིག་གཤགས་ཡིན། ང་ཚོ་མ་ཟད་འཇིག་རྟེན་ཡོངས་ཀྱི་སྡིག་པའི་སྡིག་བཤགས་ཡིན་ནོ།"
3 ༣་ །ཁོང་གི་བཀའ་རྒྱ་སྲུང་བ་འབའ་ཞིག་གི་སྒོ་ནས། ང་ཚོས་ཁོང་ངོ་འཕྲོད་པ་གསལ་ལོ།"
4 ༤་ །ཁོང་ངོ་འཕྲོད་ཟེར་ཞིང་ཁོང་གི་བཀའ་རྒྱ་མི་སྲུང་བ་དེ་རྫུན་པ་ཡིན་ཅིང་། ཁོའི་ནང་བདེན་པ་མེད།"
5 ༥་ ཁོང་གི་བཀའ་སྲུང་བ་དེའི་ནང་ཨེ་ལོ་ཧིམ་གྱི་བྱམས་པ་བདེན་པར་ཕུལ་དུ་བྱུང་བ་ཡིན། འདིས་ང་ཚོ་ཁོང་གི་ནང་ན་ཡོད་པར་ངེས་པར་བྱེད་དོ།"
6 ༦་ །ཁོང་གི་ནང་ན་གནས་སོ་ཟེར་བ་དེས་ཁོང་གི་མཛད་སྤྱོད་དང་འདྲ་བར་སྤྱོད་ལམ་བྱེད་པར་རིགས་སོ།།"
7 ༧་ གཅེས་པ་རྣམས། །ངས་ཁྱེད་ལ་ཐོག་མ་ནས་ཁྱེད་ཚོས་ཐོས་པའི་བཀའ་རྒྱ་རྙིང་པ་ལས་གཞན་གསར་པ་ཞིག་མི་འབྲི། བཀའ་རྒྱ་རྙིང་པ་དེ་ཁྱེད་ཀྱིས་ཐོས་པའི་བཀའ་དེའོ།"
8 ༨་ །མུན་པ་འདས་ཤིང་ཡང་དག་པའི་འོད་ཤར་བས། ཁོང་དང་ཁྱེད་ཚོའི་ཕྱིར་བདེན་པ་ཡིན་པའི་ངས་འབྲི་བའི་བཀའ་རྒྱ་དེ་གསར་པའང་ཡིན།"
9 ༩་ ང་འོད་ནང་ཡོད་ཟེར་ཞིང་སྤུན་ལ་སྡང་བ་དེ་ད་དུང་མུན་པའི་ནང་ཡིན། སྤུན་ལ་བྱམས་པ་དེ་འོད་ནང་གནས་ཏེ།"
10 ༡༠་ དེའི་ནང་འགྱེས་བའི་རྒྱུ་མི་འདུག"
11 ༡༡་ །འོན་ཀྱང་སྤུན་ལ་སྡང་བ་དེ་མུན་པའི་ནང་དུ་ཡོད་ཅིང་། མུན་པས་དེའི་མིག་ལྡོང་བར་བྱས་པའི་རྐྱེན་གྱིས། མུན་པར་འགྲུལ་ཞིང་གང་དུ་འགྲོ་བ་མི་ཤེས་སོ།"
12 ༡༢་ །ཁོང་གི་མཚན་གྱི་རྐྱེན་གྱིས་ཁྱེད་ཕྲུ་གུ་རྣམས་ཀྱི་སྡིག་པ་སེལ་ཟིན་པས། ངས་ཁྱེད་ལ་འབྲིའོ།"
13 ༡༣་ །ཐོག་མ་ནས་ཡོད་པ་ཁོང་ཁྱེད་ཕ་རྣམས་ཀྱིས་ཤེས་པས། ངས་ཁྱེད་ལ་འབྲིའོ། ཁྱེད་ཚོ་གཞོན་ནུ་རྣམས་ས༷་ཏན་ལས་རྒྱལ་བས། ངས་ཁྱེད་ལ་འབྲིའོ། ཁྱེད་ཕྲུ་གུ་རྣམས་ཀྱིས་ཡབ་རྟོགས་པས། ངས་ཁྱེད་ལ་བྲིས་སོ།"
14 ༡༤་ ཐོག་མ་ནས་ཡོད་པ་ཁྱེད་ཕ་རྣམས་ཀྱིས་ཤེས་པས། ངས་ཁྱེད་ལ་བྲིས་སོ། ཁྱེད་གཞོན་ནུ་རྣམས་སྟོབས་དང་ལྡན་ཞིང་། ཨེ་ལོ་ཧིམ་གྱི་བཀའ་ཁྱེད་ནང་གནས་ཤིང་ས༷་ཏན་ལས་རྒྱལ་བས། ངས་ཁྱེད་ལ་བྲིས་སོ།"
15 ༡༥་ འཇིག་རྟེན་དང་འཇིག་རྟེན་ནང་ཡོད་པའི་དངོས་པོ་ལ་མ་ཆགས་ཤིག །འཇིག་རྟེན་ལ་ཆགས་ན་ཁོའི་ནང་ཡབ་ལ་ཆགས་པ་མེད་དོ།"
16 ༡༦་ །ལུས་ཀྱི་འདོད་པ་དང་། མིག་གི་འདོད་པ་དང་། ནོར་གྱི་དཔལ་སོགས་འཇིག་རྟེན་ནང་ཡོད་པ་ཐམས་ཅད། ཡབ་ལས་མ་བྱུང་བར་འཇིག་རྟེན་ལས་བྱུང་བ་ཡིན།"
17 ༡༧་ འཇིག་རྟེན་དང་འཇིག་རྟེན་ལ་ཆགས་པ་འདའ་ཡིས། ཨེ་ལོ་ཧིམ་གྱི་དགོངས་པ་བསྒྲུབ་པ་རྒྱུན་དུ་གནས་སོ།།"
18 ༡༨་ །ཕྲུ་གུ་རྣམས། འདི་ནི་དུས་ཀྱི་ཐ་མ་ཡིན། མ་ཤི་ཀའི་བསྟན་དགྲ་འོང་བར་འགྱུར་བ་ཁྱེད་ཀྱིས་ཐོས་པ་བཞིན། ད་མ་ཤི་ཀའི་བསྟན་དགྲ་མང་པོ་ཐོན་པས། དུས་སྐབས་ཀྱི་ཐ་མ་ཡིན་པ་ང་ཚོས་ཤེས་སོ།"
19 ༡༩་ །དེ་རྣམས་ང་ཚོ་ལས་ཐོན་ནས་སོང་། ང་ཚོ་ལ་གཏོགས་པའང་མིན། ང་ཚོ་ལ་གཏོགས་པ་ཡིན་ན། ང་ཚོ་མཉམ་དུ་གནས་པ་ཡིན། འོན་ཀྱང་ང་ཚོར་མི་གཏོགས་པ་གསལ་པོར་སྟོན་ཕྱིར་སོང་ངོ་།"
20 ༢༠་ །རུ་ཨག་དམ་པས་ཁྱེད་ཚོ་བསྐོས་པས། ཁྱེད་ཐམས་ཅད་ཀྱིས་ཤེས་སོ།"
21 ༢༡་ །ཁྱེད་ཀྱིས་བདེན་པ་མ་ཤེས་བས་བྲིས་པ་མ་ཡིན། རྫུན་ཇི་ཡོད་པ་བདེན་པ་ཉིད་ལས་མ་ཡིན་པ་ཁྱེད་ཚོས་ཤེས་པས་བྲིས་སོ།"
22 ༢༢་ །ཡེ་ཤུ་ནི་མ་ཤི་ཀ་ཡིན་པར་མི་རྩི་མཁན་མ་གཏོགས་རྫུན་པ་སུ་ཡོད། ཡབ་དང་སྲས་ལ་ཁས་མི་ལེན་པ་དེ་མ་ཤི་ཀའི་བསྟན་དགྲ་ཡིན།"
23 ༢༣་ སྲས་ལ་ཁས་མ་བླང་མཁན་ལ་ཡབ་མེད། སྲས་ཁས་ལེན་མཁན་ལ་ཡབ་ཀྱང་ཡོད།"
24 ༢༤་ ཐོག་མ་ནས་ཁྱེད་ཀྱིས་ཐོས་པ་དེ་ཁྱེད་ཚོའི་ནང་གནས་སུ་ཆུག་ཅིག །ཐོག་མ་ནས་ཐོས་པ་དེ་ཁྱེད་ཚོའི་ནང་གནས་ན། ཁྱེད་ཀྱང་སྲས་དང་ཡབ་ནང་གནས་པར་འགྱུར་རོ།"
25 ༢༥་ །ཁོང་གིས་ང་ཚོར་ཞལ་གྱིས་བཞེས་པ་ནི་མི་ཚེ་རྒྱུན་དུ་པའོ།"
26 ༢༦་ །ཁྱེད་སླུ་མཁན་རྣམས་ལ་དམིགས་ནས་ངས་འདི་འབྲིའོ།"
27 ༢༧་ །ཁྱེད་བསྐོས་པའི་གནང་སྦྱིན་དེ་ཁྱེད་ནང་གནས་པས། ཁྱེད་ལ་སུས་ཀྱང་བསླབ་མི་དགོས་སོ། །མ་ཟད་གནང་སྦྱིན་དེས་ཁྱེད་ལ་ཐམས་ཅད་བསླབ་ཅིང་། དེ་བདེན་པ་ཡིན་ཅིང་རྫུན་མ་ཡིན་པས། བསླབས་པ་བཞིན་དུ་ཁོང་ནང་གནས་པར་གྱིས་ཤིག"
28 ༢༨་ །ད་ཕྲུ་གུ་རྣམས། ཁོང་མངོན་པའི་ཚེ་ང་ཚོ་བློ་གདེང་དང་ལྡན་ཏེ། ཁོང་བྱོན་པ་ལ་ངོ་མི་ཚ་བའི་ཕྱིར། ཁོང་ནང་གནས་པར་གྱིས་ཤིག"
29 ༢༩་ །ཁོང་དྲང་པོ་ལགས་པར་རྟོགས་ན། དྲང་པོ་བྱེད་པ་ཐམས་ཅད་ཁོང་ལས་ཆད་པ་ཡིན་པར་ངེས་སོ།། །།"
1 ༡་ །ང་ཚོར་ཨེ་ལོ་ཧིམ་གྱི་སྲས་ཟེར་བས། ཡབ་ཀྱིས་ང་ཚོར་ཇི་ལྟ་བུའི་བྱམས་པ་མཛད་པར་ལྟོས། དེ་ལྟར་ཡིན་ཡང་ཡིན། འཇིག་རྟེན་གྱིས་ཁོང་མ་ཤེས་པས་ང་ཚོའང་མི་ཤེས་སོ།"
2 ༢་ །གཅེས་པ་རྣམས། ད་ལྟ་ཨེ་ལོ་ཧིམ་གྱི་སྲས་ཡིན། ཕྱིར་ཅི་འགྱུར་ད་དུང་མ་མངོན། ཁོང་མངོན་པའི་ཚེ་ན་ཁོང་ཇི་ལྟར་ཡིན་པ་དེ་ལྟར་མཇལ་བས་ང་ཚོའང་ཁོང་དང་འདྲ་བར་འགྱུར་བ་ང་ཚོས་ཤེས་སོ།"
3 ༣་ །དེ་འདྲའི་རེ་བ་བྱེད་པ་རྣམས་ཀྱིས། ཁོང་དྲི་མེད་ལགས་པ་ལྟར་རང་གི་དྲི་མ་འདག་པར་བྱེད་དོ།"
4 ༤་ །སྡིག་པ་ནི་བཀའ་ཁྲིམས་ལས་འགལ་བ་ཡིན་པས། སུས་སྡིག་པ་བྱེད་ན་བཀའ་ཁྲིམས་དང་འགལ་བ་ཡིན།"
5 ༥་ ཁོང་གི་ནང་ན་སྡིག་པ་མེད་ཅིང་། སྡིག་པ་མེད་པར་མཛད་པའི་ཕྱིར་བྱོན་པ་ཁྱེད་ཚོས་ཤེས་སོ།"
6 ༦་ །ཁོང་ནང་གནས་པ་དེས་སྡིག་པ་མི་བྱེད། སྡིག་པ་བྱེད་པ་དེས། ཁོང་མ་མཇལ་ཞིང་མ་ཤེས་པ་ཡིན།"
7 ༧་ ཕྲུ་གུ་རྣམས་ཁྱེད་བསླུ་རུ་མ་ཆུག་ཅིག །དྲང་པོ་བྱེད་པ་དེ་ཁོང་དང་འདྲ་བར་དྲང་པོ་ཡིན།"
8 ༨་ ས༷་ཏན་གྱིས་ཐོག་མ་ནས་སྡིག་པ་བྱེད་པས། སྡིག་ཅན་རྣམས་ས༷་ཏན་གྱི་ཡིན། ཨེ་ལོ་ཧིམ་གྱི་སྲས་བྱོན་པའི་དོན་ནི། ས༷་ཏན་གྱི་ལས་ཚར་གཅོད་པའི་ཕྱིར་རོ།"
9 ༩་ །ཨེ་ལོ་ཧིམ་ནས་སྐྱེས་པ་དེས་སྡིག་པ་མི་བྱེད། དེའི་ནང་ཨེ་ལོ་ཧིམ་གྱི་སྙིང་པོ་ཡོད། ཨེ་ལོ་ཧིམ་ནས་སྐྱེས་པ་ཡིན་པས་དེས་སྡིག་པ་བྱེད་མི་སྲིད།"
10 ༡༠་ དེ་ལས་ཨེ་ལོ་ཧིམ་གྱི་སྲས་སམ་ས༷་ཏན་གྱི་བུ་གང་ཡིན་པ་ཤེས་སོ། །དྲང་པོ་མི་བྱེད་པ་དང་། སྤུན་ལ་མི་བྱམས་པ་དེ་ཨེ་ལོ་ཧིམ་ནས་མིན།"
11 ༡༡་ ང་ཚོས་གཅིག་གིས་གཅིག་ལ་བྱམས་པ་བྱེད་དགོས་པ་དེ་ནི་ཁྱེད་ཀྱི་ཐོག་མ་ནས་ཐོས་པའི་འཕྲིན་དེ་ཡིན།"
12 ༡༢་ ས༷་ཏན་གྱི་ཡིན་ཅིང་རང་གི་ནུ་བོ་བསད་པའི་ཀ༷་ཡིན་ལྟར་མ་གྱུར་ཅིག རང་གི་ལས་རྣམས་ངན་ཅིང་ནུ་བོའི་ལས་རྣམས་དྲང་བས་བསད་དོ།།"
13 ༡༣་ །སྤུན་རྣམས། འཇིག་རྟེན་གྱིས་ཁྱེད་ལ་སྡང་བས་ངོ་མཚར་དུ་མ་གྱུར་ཅིག"
14 ༡༤་ །ང་ཚོས་ནི་སྤུན་ལ་བྱམས་པས། འཆི་བ་ནས་གསོན་པ་ཉིད་ནང་ཞུགས་པ་ང་ཚོས་ཤེས་སོ། །སྤུན་ལ་མི་བྱམས་པ་དེ་འཆི་བའི་ནང་གནས་སོ།"
15 ༡༥་ །སྤུན་ལ་སྡང་བ་དེ་མི་བསད་ཡིན། མི་བསད་ཀྱི་ནང་དུ་མི་ཚེ་རྒྱུན་དུ་པ་མི་གནས་པ་ཁྱེད་ཚོས་ཤེས་སོ།"
16 ༡༦་ །ཁོང་གིས་ང་ཚོའི་ཕྱིར་ཉིད་ཀྱི་སྐུ་སྲོག་གནང་བས། བྱམས་པ་ཅི་ཡིན་པ་ང་ཚོས་ཤེས་སོ། །ང་ཚོས་ཀྱང་སྤུན་གྱི་ཕྱིར་རང་གི་སྲོག་གཏོང་བར་རིགས་སོ།"
17 ༡༧་ །ནོར་རྫས་ཡོད་པ་ཞིག་གིས་སྤུན་དགོས་རྒྱགས་ཅན་ཞིག་མཐོང་བཞིན་དུ། སྙིང་མི་བརྩེ་ན། དེའི་ནང་ཨེ་ལོ་ཧིམ་གྱི་བྱམས་པ་ཇི་ལྟར་གནས།"
18 ༡༨་ ཕྲུ་གུ་རྣམས། ང་ཚོས་ངག་དང་ཚིག་གིས་མ་ཡིན་པར་བདེན་པར་ལས་ཀྱི་སྒོ་ནས་བྱམས་པ་བྱེད་པར་རིགས་སོ།"
19 ༡༩་ །དེའི་ཕྱིར། ང་ཚོའི་སྙིང་གིས་རང་ལ་འགལ་འགེལ་བའི་ཚེ། ང་ཚོ་བདེན་པ་ཉིད་ཀྱི་ཡིན་པར་སེས་ཤིང་། ཁོང་གི་དྲུང་དུ་བློ་བདེར་སྡོད་ པར་བྱ།"
20 ༢༠་ ང་ཚོའི་སྙིང་ལས་ཨེ་ལོ་ཧིམ་ཆེ་ཞིང་ཁོང་གིས་ཐམས་ཅད་མཁྱེན་ནོ།"
21 ༢༡་ །གཅེས་པ་རྣམས། ང་ཚོའི་སྙིང་གིས་རང་ལ་འགལ་མི་འགེལ་ན། ཨེ་ལོ་ཧིམ་གྱི་དྲུང་དུ་ང་ཚོ་མི་ཞུམ།"
22 ༢༢་ ཁོང་གི་བཀའ་རྒྱ་སྲུང་ཞིང་ཁོང་གི་དགྱེས་པ་བསྒྲུབས་པས། ཅི་ཞུ་བ་དེ་གནང་བར་འགྱུར་རོ།"
23 ༢༣་ །ང་ཚོར་བཀའ་གནང་པ་བཞིན། ཁོང་གི་སྲས་ཡེ་ཤུ་མ་ཤི་ཀའི་མཚན་ལ་དད་ཅིང་། གཅིག་གིས་གཅིག་ལ་བྱམས་པ་དེ་ནི་ཁོང་གི་བཀའ་རྒྱ་ཡིན།"
24 ༢༤་ །བཀའ་རྒྱ་སྲུང་བ་ཐམས་ཅད་ཁོང་ནང་གནས་ཤིང་། ཁོང་ཡང་དེའི་ནང་བཞུགས་སོ། དེ་ཡིས་ཁོང་ང་ཚོའི་ནང་བཞུགས་པ་ང་ཚོར་གནས་བའི་རུ་ཨག་གྱི་སྒོ་ནས་ཤེས་སོ།། །།"
1 ༡་ །གཅེས་པ་རྣམས། རུ་ཨག་ཡིན་ཚད་ལ་ཡིད་མ་ཆེས་པར། ཨེ་ལོ་ཧིམ་ནས་ཡིན་མིན་བརྟག་པར་གྱིས་ཤིག །གང་ལ་ཞེ་ན། ཕ༷་རོ་པེ་ཏེ་པ་རྫུས་མ་མང་པོ་འཇིག་རྟེན་དུ་ཐོན་ནོ།"
2 ༢་ །ཨེ་ལོ་ཧིམ་གྱི་རུ་ཨག་འདི་ལྟར་ཤེས་དགོས་ཏེ། ཡེ་ཤུ་མ་ཤི་ཀ་སྐུ་ལུས་བཞེས་པ་ལ་དཔང་པོ་བྱེད་པའི་རུ་ཨག་ཨེ་ལོ་ཧིམ་ལས་ཡིན།"
3 ༣་ ཡེ་ཤུ་ལ་དཔང་པོ་མི་བྱེད་པ་དེ་ཨེ་ལོ་ཧིམ་ལས་མིན་ཅིང་། མ་ཤི་ཀའི་བསྟན་དགྲའི་རུ་ཨག་ཡིན། དེ་འོང་བའི་ཆ་རྒྱུས་ཁྱེད་ཚོ་ལ་ཡོད་དེ། འཇིག་རྟེན་དུ་བསླེབས་ཟིན་ཏོ།"
4 ༤་ །ཕྲུ་གུ་རྣམས། ཁྱེད་ཚོ་ཨེ་ལོ་ཧིམ་ནས་ཡིན། ཁྱེད་ཚོ་དེ་རྣམས་ལས་རྒྱལ་ལོ། །འཇིག་རྟེན་ནང་ཡོད་པ་དེ་ལས་ཁྱེད་ཚོའི་ནང་བཞུགས་པ་དེ་ཆེའོ།"
5 ༥་ །དེ་རྣམས་འཇིག་རྟེན་གྱི་ཡིན་པས་འཇིག་རྟེན་གྱི་ཚུལ་དུ་གཏམ་བྱེད་དེ། འཇིག་རྟེན་གྱིས་དེ་ལ་ཉན་ནོ།"
6 ༦་ །ང་ཚོ་ཨེ་ལོ་ཧིམ་ནས་ཡིན། ཨེ་ལོ་ཧིམ་ནས་ཡིན་པ་དེ་ཚོས་ང་ཚོར་ཉན་ནོ། །ཨེ་ལོ་ཧིམ་ནས་མིན་པ་དེ་ཚོས་ང་ཚོར་མི་ཉན་ནོ། །དེས་བདེན་པའི་རུ་ཨག་དང་འཁྲུལ་པའི་རུ་ཨག་ཤེས་སོ།།"
7 ༧་ །གཅེས་པ་རྣམས། བྱམས་པ་ནི་ཨེ་ལོ་ཧིམ་ནས་ཡིན་པས། ཕན་ཚུན་བྱམས་པར་རིགས་སོ། །བྱམས་པ་བྱེད་པ་དེ་ཨེ་ལོ་ཧིམ་ནས་སྐྱེས་ཏེ་ཨེ་ལོ་ཧིམ་ངོ་ཤེས་སོ།"
8 ༨་ །ཨེ་ལོ་ཧིམ་ནི་བྱམས་པ་ལགས་པས། བྱམས་པ་མི་བྱེད་པ་དེས་ཨེ་ལོ་ཧིམ་ངོ་མི་ཤེས་སོ།"
9 ༩་ །ཁོང་གི་སྒོ་ནས་ང་ཚོ་འཚོ་བའི་དོན་དུ། ཨེ་ལོ་ཧིམ་གྱིས་ཉིད་ཀྱི་སྲས་གཅིག་པུ་འཇིག་རྟེན་ལ་གནང་བ་དེ་ལས། ང་ཚོའི་ཕྱིར་ཨེ་ལོ་ཧིམ་གྱི་བྱམས་པ་མངོན་ནོ།"
10 ༡༠་ །བྱམས་པ་ནི་ང་ཚོས་ཨེ་ལོ་ཧིམ་ལ་བྱམས་པ་དེ་མིན། ཨེ་ལོ་ཧིམ་གྱིས་ང་ཚོར་བྱམས་ཤིང་ཉིད་ཀྱི་སྲས་ང་ཚོའི་སྡིག་གཤགས་ལ་གནང་བ་དེ་ཡིན།"
11 ༡༡་ གཅེས་པ་རྣམས། ཨེ་ལོ་ཧིམ་གྱིས་ང་ཚོར་དེ་ཙམ་བྱམས་ན། ང་ཚོས་ཀྱང་ཕན་ཚུན་བྱམས་པར་རིགས་སོ།"
12 ༡༢་ །སུས་ཀྱང་ཨེ་ལོ་ཧིམ་མིག་གིས་མ་མཇལ་ལོ། །ང་ཚོ་ཕན་ཚུན་བྱམས་ན་ཨེ་ལོ་ཧིམ་ང་ཚོའི་ནང་བཞུགས་ཏེ་ཁོང་གི་བྱམས་པ་ང་ཚོའི་ནང་ཡོངས་སུ་རྫོགས་པར་ཡིན།"
13 ༡༣་ ང་ཚོར་ཁོང་གི་རུ་ཨག་ལས་གནང་བའི་ཐབས་ཀྱིས། ང་ཚོ་ཁོང་ནང་གནས་པ་དང་ཁོང་ང་ཚོའི་ནང་བཞུགས་པ་ཤེས་སོ།"
14 ༡༤་ །ཡབ་ཀྱིས་སྲས་འཇིག་རྟེན་གྱི་སྐྱབས་མགོན་དུ་མངགས་པ་ང་ཚོས་མཐོང་ཞིང་དེ་ལ་དཔང་པོ་བྱེད་དོ།"
15 ༡༥་ །ཡེ་ཤུ་ནི་ཨེ་ལོ་ཧིམ་གྱི་སྲས་ལགས་པར་དཔང་པོ་བྱེད་པ་དེའི་ནང་ཨེ་ལོ་ཧིམ་བཞུགས་ཤིང་། དེ་ནི་ཨེ་ལོ་ཧིམ་ནང་གནས་སོ།"
16 ༡༦་ །ང་ཚོར་ཨེ་ལོ་ཧིམ་གྱིས་བྱམས་པ་ཤེས་ཤིང་ཡིད་ཆེས་སོ། །ཨེ་ལོ་ཧིམ་ནི་བྱམས་པའོ། །བྱམས་པའི་ནང་གནས་པ་དེ་ཨེ་ལོ་ཧིམ་ནང་གནས་ཤིང་། ཨེ་ལོ་ཧིམ་ཀྱང་དེའི་ནང་བཞུགས་སོ།"
17 ༡༧་ །ཞལ་ཆེའི་ཉིན་མོར་མི་ཞུམ་པའི་ཕྱིར་དུ་ང་ཚོའི་ནང་བྱམས་པ་ཡོངས་སུ་རྫོགས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འཇིག་རྟེན་ན་ཁོང་ཇི་ལྟར་ལགས་པ་ལྟར་ང་ཚོའང་ཡིན་ནོ།"
18 ༡༨་ །བྱམས་པའི་ནང་འཇིགས་པ་མེད། ཡང་དག་པའི་བྱམས་པས་འཇིགས་པ་ཕྱིར་སྐྲོད་དོ། །འཇིགས་པའི་རྒྱུ་ནི་ཆད་པ་ཡིན་ཏེ། འཇིགས་མཁན་ནི་བྱམས་པའི་ནང་ཡོངས་སུ་རྫོགས་པ་མ་ཡིན་ནོ།"
19 ༡༩་ །ཁོང་གིས་ང་ཚོར་སྔོན་དུ་བྱམས་པས། ང་ཚོས་བྱམས་སོ།"
20 ༢༠་ །ངས་ཨེ་ལོ་ཧིམ་ལ་བྱམས་སོ་ཟེར་ཞིང་། སྤུན་ལ་སྡང་བ་དེ་རྫུན་པ་ཡིན། མིག་གིས་མཐོང་བའི་སྤུན་ལ་མི་བྱམས་པ་དེས། མིག་གིས་མི་མཇལ་བའི་ཨེ་ལོ་ཧིམ་ལ་བྱམས་མི་ཐུབ།"
21 ༢༡་ ཨེ་ལོ་ཧིམ་ལ་བྱམས་པ་དེས་སྤུན་ལའང་བྱམས་པར་དགོས་ཞེས་པའི་བཀའ་རྒྱ་ང་ཚོར་ཁོང་ནས་ཐོབ་པ་ཡིན།། །།"
1 ༡་ །ཡེ་ཤུ་ནི་མ་ཤི་ཀ་ལགས་པར་དད་པ་བྱེད་མཁན་དེ་ཨེ་ལོ་ཧིམ་ལས་སྐྱེས་པ་ཡིན་ཕ་ལ་བྱམས་པ་དེས་བུ་ལའང་བྱམས་སོ།"
2 ༢་ །ང་ཚོས་ཨེ་ལོ་ཧིམ་ལ་བྱམས་ཤིང་ཁོང་གི་བཀའ་རྒྱ་སྲུང་བའི་སྒོ་ནས། ཨེ་ལོ་ཧིམ་གི་སྲས་རྣམས་ལའང་བྱམས་པ་དེ་ཤེས་སོ།"
3 ༣་ །ཨེ་ལོ་ཧིམ་གྱི་བཀའ་རྒྱ་སྲུང་བ་ནི། ཨེ་ལོ་ཧིམ་ལ་བྱམས་པའོ། །ཁོང་གི་བཀའ་རྒྱ་མི་ལྕིའོ།"
4 ༤ །ཨེ་ལོ་ཧིམ་ལས་སྐྱེས་པ་དེ་འཇིག་རྟེན་ལས་རྒྱལ་ལོ། །འཇིག་རྟེན་ཕམ་པར་བྱེད་པའི་རྒྱལ་བ་དེ་ནི་ང་ཚོའི་དད་པ་ཡིན།"
5 ༥་ ཡེ་ཤུ་ནི་ཨེ་ལོ་ཧིམ་གྱི་སྲས་ལགས་པར་དད་པ་དེ་མ་གཏོགས་པར་འཇིག་རྟེན་ལས་རྒྱལ་བ་སུ་ཡོད།"
6 ༦་ ཆུ་དང་ཁྲག་གི་སྒོ་ནས་བྱོན་པ་ནི་ཡེ་ཤུ་མ་ཤི་ཀའོ། །ཆུ་འབའ་ཞིག་གིས་མ་ཡིན་པར། ཆུ་དང་ཁྲག་གཉིས་ཀྱི་སྒོ་ནས་བྱོན་ཏོ།"
7 ༧་ །རུ་ཨག་ནི་བདེན་པ་ལགས་པས། རུ་ཨག་གིས་འདི་ལ་དཔང་པོ་མཛད་དོ།"
8 ༨་ །དཔང་པོ་གསུམ་ཡོད་ཅིང་། རུ་ཨག་དང་ཆུ་དང་ཁྲག་སྟེ། དེ་གསུམ་མཐུན་ནོ།"
9 ༩་ །མིའི་དཔང་པོ་ལ་རྩི་ན། ཨེ་ལོ་ཧིམ་གྱི་དཔང་པོ་ལྷག་པར་ཆེ་སྟེ། ཉིད་ཀྱི་སྲས་ལ་དཔང་པོ་མཛད་པ་དེ་ཨེ་ལོ་ཧིམ་གྱི་དཔང་པོའོ།"
10 ༡༠་ ཨེ་ལོ་ཧིམ་གྱི་སྲས་ལ་དད་པ་དེའི་སྙིང་ནང་དཔང་པོ་དེ་བཞུགས་སོ། །ཨེ་ལོ་ཧིམ་ལ་མི་དད་པ་དེས་ཉིད་ཀྱི་སྲས་ལ་དཔང་པོ་མཛད་པ་ལ་ཡིད་མ་ཆེས་པས། ཁོང་ལ་རྫུན་པ་བྱས་སོ།"
11 ༡༡་ །ཨེ་ལོ་ཧིམ་གྱིས་ང་ཚོར་མི་ཚེ་རྒྱུན་དུ་པ་གནང་པ་དང་། དེ་ནི་ཁོང་གི་སྲས་ནང་ཡོད་པ་ནི་ཁོང་གི་དཔང་པོ་ཡིན།"
12 ༡༢་ སྲས་ཡོད་པ་དེ་ལ་ཚེ་རྒྱུན་དུ་པ་ཡོད། ཨེ་ལོ་ཧིམ་གྱི་སྲས་མེད་པ་དེ་ལ་མི་ཚེ་རྒྱུན་དུ་པ་མེད་དོ།།"
13 ༡༣་ །ཨེ་ལོ་ཧིམ་གྱི་སྲས་ཀྱི་མཚན་ལ་དད་པ་ཁྱེད་ཚོར་མི་ཚེ་རྒྱུན་དུ་པ་ཡོད་པ་ཤེས་ཕྱིར་ངས་འདི་འབྲིའོ།"
14 ༡༤་ །ཁོང་གི་ཐུགས་དགོངས་བཞིན་དུ་ཅི་ཞིག་ཞུ་ན། ཁོང་གིས་གསན་པའི་བློ་གདེང་ཡོད།"
15 ༡༥་ ང་ཚོས་ཅི་ཞུ་བ་གསན་པར་ཤེས་ན། ཞུས་པ་དེ་ཐོབ་པར་ཤེས་སོ།"
16 ༡༦་ །སུ་ཞིག་གིས་སྤུན་ཞིག་མཚམས་མེད་མ་ཡིན་པའི་སྡིག་པ་བྱེད་པར་མཐོང་ན། དེས་གསོལ་བ་ཐོབ་ཅིག་དང་། མཚམས་མེད་པའི་སྡིག་པ་མིན་ན། དེ་ལ་ཨེ་ལོ་ཧིམ་གྱིས་ཚེ་རྒྱུན་དུ་པ་གནང་བར་འགྱུར་རོ། །མཚམས་མེད་པའི་སྡིག་པ་ཡོད་ཅིང་། དེའི་ཕྱིར་གསོལ་བ་ཐོབ་ངས་མི་ཟེར།"
17 ༡༧་ སྤྱོད་ངན་ཐམས་ཅད་སྡིག་པ་ཡིན་ཅིང་། མཚམས་མེད་མིན་པའང་ཡོད།"
18 ༡༨་ ཨེ་ལོ་ཧིམ་ལས་སྐྱེས་པ་དེས་སྡིག་པ་མི་བྱེད་པ་ང་ཚོས་ཤེས་སོ། ཨེ་ལོ་ཧིམ་ལས་སྐྱེས་པ་དེས་རང་སྲུང་བས། ས༷་ཏན་གྱིས་དེ་ལ་མི་རེག་གོ"
19 ༡༩་ །ང་ཚོ་ཨེ་ལོ་ཧིམ་ནས་ཡིན་པ་དང་། འཇིག་རྟེན་ཧྲིལ་པོ་ས༷་ཏན་གྱི་དབང་དུ་ཡོད་པ་ང་ཚོས་ཤེས་སོ།"
20 ༢༠་ །ཨེ་ལོ་ཧིམ་གྱི་སྲས་བྱོན་ནས། བདེན་པ་ལགས་པ་ཁོང་རྟོགས་པའི་ཤེས་རབ་གནང་བ་ང་ཚོས་ཤེས་སོ། །ང་ཚོ་བདེན་པ་ལགས་པའི་ཁོང་གི་སྲས་ཡེ་ཤུ་མ་ཤི་ཀའི་ནང་ཡོད་དོ། ཨེ་ལོ་ཧིམ་བདེན་པ་དང་ཚེ་རྒྱུན་དུ་པ་ནི་དེའོ།"
21 ༢༡་ །ཕྲུ་གུ་རྣམས། སྐུ་འདྲ་ལས་ཟོན་བྱོས་ཤིག། །།"